རྒྱ་གར་དང་ཐའེ་ཝན་བར་གྱི་ལས་མི་བརྗེ་ལེན་དང་མི་རིགས་དབྱེ་འབྱེད་ཀྱི་གནད་དོན།

ཐའེ་ཝན་མི་མང་གི་གནོན་ཤུགས་འོག་ཉེ་ཆར་ཐའེ་ཝན་གཞུང་གིས་རྒྱ་གར་ནས་ལས་མི་འབུམ་གཅིག་ལེན་རྒྱུ་དེར་འགོག་རྐྱེན་འཕྲད་བཞིན་ཡོད་འདུག 

ཕྱི་ཚེས་༢༠ ཉིན་རྒྱ་གར་གྱི་wion གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མར་རྒྱ་གར་ནས་ལས་མི་༡༠༠༠༠༠ ཐེ་ཝན་ལ་གཏོང་འཆར་བྱས་ཡོད་པ་ཐའེ་ཝན་ངལ་རྩོལ་བློན་ཆེན་གྱིས་གསལ་བསྒྲགས་བྱས་ཡོད་ཀྱང་། དེ་མ་ཐག་ཏུ་ཐའེ་ཝན་གྱི་སྤྱི་ཚོགས་ཁྲོད་རྒྱ་གར་གྱི་སྐྱེས་པ་ལ་དམའ་འབེབས་དང་མཐོང་ཆུང་བྱས་ཡོད་འདུག དེ་ཡང་རྒྱ་གར་གྱི་སྐྱེས་པ་ནི་བཙོག་པོ་ཡིན་པ་དང་། སློབ་སྦྱོང་མེད་མཁན་ཡིན་པ། གལ་སྲིད་རྒྱ་གར་གྱི་སྐྱེས་པ་དེ་འདྲ་མང་པོ་ཞིག་ཐའེ་ཝན་ནང་སླེབས་ན། ཐའེ་ཝན་གྱི་བུད་མེད་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་སོགས་བརྗོད་ནས་མཐོང་ཆུང་བྱེད་བཞིན་ཡོད་འདུག རྒྱ་གར་གྱི་སྐྱེས་པ་རྣམས་ལ་ཐེ་ཝན་མི་མང་གི་ལྟ་ཚུལ་དེ་འདྲ་ཞིག་ཡོད་ཚུལ་རྒྱ་ནག་གི་གསར་འགྱུར་ཁག་ནང་དུ་ཡང་དཀྲོག་གཏམ་ཁྱབ་སྤེལ་བྱེད་བཞིན་ཡོད་འདུག་ལ། ད་ཆར་ཐའེ་ཝན་གཞུང་ལ་མི་མང་གི་གནོན་ཤུགས་ཆེན་པོ་སླེབས་ནས་རྒྱ་གར་ནས་ལས་མི་ལེན་རྒྱུ་དེ་གྲོས་བསྡུར་བྱེད་བཞིན་ཡོད་ཀྱང་། ད་ལྟ་ཐག་གཅོད་བྱས་མེད་པ་ཐེ་ཝན་གྱི་ངལ་རྩོལ་བློན་ཆེན་གྱིས་མི་མང་ལ་བརྗོད་ཡོད་འདུག ཕྱི་ལོ་༢༠༢༢ ལོའི་མི་འབོར་གྲངས་ཐོ་ལ་བལྟས་ན་རྒྱ་གར་ནང་ལོ་༢༥ འོག་ཏུ་ཡིན་པའི་ན་གཞོན་གྱི་གྲངས་ཀ་ནི་བརྒྱ་ཆ་༥༠ ཡིན་པ་དང་། ལོ་༣༥ འོག་ཏུ་ཡིན་པའི་གྲངས་ཀ་ནི་བརྒྱ་ཆ་༦༥ ཡིན་འདུག དེར་བརྟེན་ལོ་རེར་རྒྱ་གར་གི་མི་མང་ཕྱི་རྒྱལ་ཁག་ཏུ་ཡོད་མཁན་དག་གིས་རྒྱ་གར་ནང་ཡོད་པའི་ནང་མི་དང་སྤུན་མཆེད་དག་ལ་བཏང་བའི་དངུལ་གྱི་གྲངས་ཀ་ནི་ཨ་སྒོར་ཐེར་འབུམ་༡༠༠ ཡིན་པ་དང་། ད་ཆར་རྒྱ་གར་གྱི་མི་མང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལས་ཀ་བྱེད་མཁན་༢༠༢༡ ལས་བརྒྱ་ཆ་༧་༡ མང་དུ་ཕྱིན་ཡོད་པར་བརྗོད་འདུག 

འོན་ཀྱང་། རྒྱ་གར་ནང་བཙན་གཡེམ་གྱི་དོན་རྐྱེན་དུ་མ་འབྱུང་གི་ཡོད་པའི་རྐྱེན་གྱིས་ཕྱི་ཕྱོགས་ནས་རྒྱ་གར་གྱི་སྐྱེས་པ་རྣམས་ལ་ལྟ་སྟངས་དེ་ཙམ་ཡག་པོ་ཡོད་མེད་འདུག་པ་དང་། ཐེ་ཝན་ནང་དུ་ཡང་བུད་མེད་ལ་བཙན་གཡེམ་བྱས་པའི་དོན་རྐྱེན་མང་པོ་ཡོང་གི་ཡོད་འདུག ད་ཆར་ཐེ་ཝན་ནང་མི་འབོར་བརྒྱ་ཆ་༢༠ ལོ་རྒན་འཁོགས་ཡིན་པ་དང་། རྒྱ་གར་ནང་ན་གཞོན་གྱི་མི་འབོར་མང་ཞིང་ལས་མེད་ཀྱང་མང་པོ་ཡོད་པའི་རྐྱེན་གྱིས་ཐེ་ཝན་དང་རྒྱ་གར་གཉིས་ཕན་ཚུན་དཔལ་འབྱོར་མཉམ་ལས་བྱས་ན་ཁེ་ཕན་ཆེན་པོ་ཡོད་པར་བརྗོད་འདུག་ཀྱང་། གནད་དོན་དེ་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་འདུག 
ཐའེ་ཝན་ལྟ་བུར་མཚོན་ན་རྒན་རབས་པའི་གྲངས་ཀ་མང་དུ་ཕྱིན་ནས་མི་འབོར་སྤྱི་ཡོངས་ལས་བརྒྱ་ཆ་༢༠ རྒན་པ་ཡིན་འདུག་པར་བརྟེན་ན་གཞོན་ལས་མི་མང་པོ་དགོས་ཀྱི་ཡོད་འདུག 

སྤྱིར་ད་ཆར་འཛམ་གླིང་ནང་རྒྱལ་ཁབ་མང་པོ་ཞིག་གི་མི་འབོར་ཁྲོད་ལོ་ན་རྒན་པའི་མི་འབོར་དེ་ཧ་ཅང་མང་དུ་འགྲོ་བཞིན་ཡོད་འདུག་པ་དང་། དེའི་རྒྱུ་མཚན་ནི་སྤྱི་ཚོགས་སྤྱི་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་མི་རྣམས་ཤེས་ཡོན་གྱི་གོ་སྐབས་བཟང་དུ་ཕྱིན་ནས་འཚོ་བའི་འགྲོ་ལུགས་ལ་ཡང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་འདུག གཞན་ཡང་ལོ་ན་རྒན་པའི་མི་འབོར་མང་དུ་འགྲོ་བཞིན་ཡོད་པའི་རྒྱུ་རྐྱེན་ནི་སྤྱི་ཚོགས་སྤྱི་ཡོངས་ཀྱི་འཕྲོད་སྟེན་དང་འཚོ་བ་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་མི་རྣམས་ཀྱི་ཚེ་ཐག་རིང་དུ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་ན་གཞོན་ཁྲོད་རང་ཉིད་ཀྱི་ཤེས་ཡོན་སློབ་སྦྱོང་ཆེད་དུ་དུས་ཚོད་མང་དུ་བཏང་ནས་གཉེན་སྒྲིག་བྱེད་རྒྱུ་ཕྱིས་དྲགས་པའམ། གནའ་སྔོན་མ་ལྟར་གཞོན་དུས་སྐབས་སུ་ནས་གཉེན་སྒྲིག་བྱེད་མཁན་ཉུང་དུ་ཕྱིན་པས། ཁྱིམ་ཚང་འཆར་འགོད་བྱས་ནས་གཉེན་སྒྲིག་བྱས་ཀྱང་བྱིས་པ་གཅིག་དང་གཉིས་ལས་སྐྱེད་ཀྱི་མེད་པའི་རྐྱེན་གྱིས་སྤྱི་ཚོགས་ཁྲོད་ན་གཞོན་གྲངས་ཀ་ཉུང་ཉུང་འགྱུར་བཞིན་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།