སྒེར་ནད་སྤྱི་སྤུངས་བྱེད་མི་རུང་།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༧༣)
ཉེ་ཆར་ཚོགས་དྲུང་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྐྱོང་ཆེད་ཕྱི་ཟླ་༡༢ ཚེས་༢༥ ནས་༢༩ བར་འཚོག་འཆར་ཡོད་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཕྱོགས་གང་ས་ནས་རང་ཉིད་ཀྱི་བསམ་ཚུལ་རྣམས་གནས་ཚུལ་གྱི་ངོ་བོའི་ཐོག་ནས་སྤེལ་བཞིན་འདུག དོན་དངོས་གང་ཡིན་ཕྱོགས་མཐར་གནས་སྡོད་སྤྱི་འཐུས་རྣམས་ཀྱིས་གསལ་པོ་ཤེས་མེད་པ་མ་ཟད། སྤྱི་འཐུས་རྒྱུན་ལས་རྣམ་པས་ཀྱང་ཉེ་ཆར་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་ཚུལ་དང་འབྲེལ་བའི་ཡིག་ཆུང་ཞིག་བཀའ་ཤག་ནས་འབྱོར་ཡོད་ཚུལ་ཙམ་ལས་ནང་དོན་ཁ་གསལ་ཤེས་ཡོད་ཚོད་མི་འདུག སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་འདྲ་མིན་སྤེལ་བསྡད་པ་ནི། “བླ་མས་ཅི་གསུང་མ་གོ་གོང་།། གྲྭ་པས་འདོན་སྔ་དི་རི་རི།། བདག་པོས་ཅི་ཟ་མ་ཤེས་གོང་།། གཡོག་པོས་ཟ་ཚོད་དམ་སེ་འཛིན།།”ཞེས་པ་ལྟར་གྱུར་ཡོད་པས། གྲོས་ཚོགས་མ་འཚོགས་བར་ཚང་མས་ངང་སྒུག་བྱ་རྒྱུ་ཁོ་ན་ལས་ཐག་བཅད་ནས་བཤད་ཐུབ་པ་ཞིག་གཏན་ནས་མ་རེད།
ཕྱི་ཟླ་དགུ་པའི་ནང་གྲོས་ཚོགས་མུ་མཐུད་འཚོགས་མ་ཐུབ་པའི་གནས་ཚུལ་དེ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཞིག་ཡིན་པ་དང་། གནད་དོན་གང་ཞིག་ཡིན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོག་རྒྱུ་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་ཁུར་གཙོ་བོ་ཡིན་པ་དང་། འགན་དེ་ཡང་འཁུར་མ་ཐུབ་ན་མུ་མཐུད་སྤྱི་འཐུས་ཀྱི་ལས་ཁུར་འཛིན་འོས་མིན་ཡང་དོགས་གནས་སུ་གྱུར་ཡོད། ད་བར་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་ཚུལ་ལ་བརྟེན་ནས་རྩོད་རྙོག་སྔ་རྗེས་སུ་བྱུང་ཡོད་པ་དང་། དེའི་ནང་ནས་གནོན་སྐྱོན་ཆེ་ཤོས་ནི་ཕྱི་ལོ་༢༠༢༡ ཟླ་༥ ཟླ་མཇུག་ཏུ་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཕར་མ་འཚོགས་མ་ཐུབ་པ་ལ་བརྟེན་ནས་བྱུང་ཡོད། གལ་སྲིད་སྐབས་དེར་གྲོས་ཚོགས་འཕར་མ་འཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་དགོས་ངེས་བསྐྱར་བཅོས་ཁག་བྱེད་ཐུབ་ཡོད་ན། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དམ་འབུལ་ལ་རྩོད་རྙོག་འབྱུང་གཞི་གང་ཡང་མེད་ཅིང་། ཁྲིམས་ཞིབ་པ་དང་བཀའ་བློན་རྣམ་པའི་དམ་འབུལ་ལའང་དཀའ་རྙོག་འབྱུང་གཞི་གང་ཡང་མེད།
སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་ཚོགས་བཅར་མ་ཞུས་པས་གྲོས་ཚོགས་འཕར་མ་འཚོགས་མ་ཐུབ་པར་བརྟེན། ད་ལྟའང་ཁྲིམས་སྒྲིག་དང་འབྲེལ་བའི་དཀའ་རྙོག་མང་པོ་ཞིག་སེལ་ཐུབ་མེད། ཉེ་ཆར་ཕྱི་ཟླ་དགུ་པའི་གནས་ཚུལ་དེ་ཡང་དཀའ་རྙོག་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། དཀའ་རྙོག་འདི་ཡག་པོ་ཞིག་སེལ་མ་ཐུབ་ན་མུ་མཐུད་ཚོགས་འདུ་མཇུག་སྐྱོང་མི་ཐུབ་པའི་གནས་ཚུལ་ལྷག་སྲིད། གལ་སྲིད་མཇུག་སྐྱོང་ཐུབ་ཙམ་བྱུང་ཡང་ཕྱི་ཟླ་༣པའི་ནང་བཅའ་ཁྲིམས་བསྐྱར་བཅོས་བྱ་རྒྱུའི་ཁོར་ཡུག་ལ་གནོན་སྐྱོན་ཆེན་པོ་ཡོང་སྲིད་པས། བཅའ་ཁྲིམས་བསྐྱར་བཅོས་མ་ཐུབ་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཕྱི་ནང་གསང་གསུམ། མངོན་ལྐོག་རྒྱབ་མདུན་གང་རུང་ནས་མི་རྒྱུ་ཟོག་གསུམ་གྱི་འགྲོ་སོང་བཏང་སྟེ་ཆེད་དུ་དཀྲོག་རྐྱེན་བཟོ་མཁན་རྣམས་ལ་མུ་མཐུད་གོ་སྐབས་འཐོབ་ཐུབ་པ་དང་། དེ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདིར་དགོས་མེད་ཀྱི་རྩོད་རྙོག་མང་པོ་ཞིག་སེལ་མི་ཐུབ་པའི་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཆེན་པོ་ཡོད།
སྤྱི་ཚོགས་ནང་རྩོད་རྙོག་དེ་དག་གི་འབྱུང་རྩ་སྤྱི་འཐུས་གྲོས་ཚོགས་སམ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོའི་མིང་ཁུར་བ་དེ་དག་གིས་འགན་ཁུར་ལེན་སྟངས་ལ་བརྟེན་ནས་ཡོང་གི་ཡོད་ཚུལ་བརྗོད་སྲོལ་ཡོད་ལ། དོན་དངོས་སུའང་དེ་རང་ཡིན་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད། ཕྱོགས་གཅིག་ནས་དེ་ལ་རྒྱུ་མཚན་མེད་པ་མིན་ཡང་། ཞིབ་ཕྲ་བཤད་ན་སྒོ་ང་དང་བྱ་མོའི་སྔ་ཕྱི་བཤད་པ་བཞིན་གཅིག་ལ་གཅིག་བརྟེན་ཡིན་པ་ལས། རྩོད་རྙོག་ཚང་མ་མགོ་ནས་ཡོང་བ་ཞིག་མིན་ལ། ད་ལྟའི་གནས་ཚུལ་འདི་ལ་མཚོན་ནའང་སྤྱི་ཚོགས་ནང་གི་ཤུགས་རྐྱེན་གྲོས་ཚོགས་ནང་སླེབས་པ་ཞིག་དང་། ད་ལྟ་མུ་མཐུད་གནས་ཚུལ་འདི་སླེབས་པའི་སྐབས་སུའང་ཕྱོགས་ཁག་རང་བཞིན་གྱི་གནས་ཚུལ་མང་དག་ཅིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་བཞིན་འདུག་པས། ཁ་ཕྱོགས་འདི་ལ་བརྟེན་ནས་གྲོས་ཚོགས་ནང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་རེད། འཐབ་རྩོད་ཀྱི་གནས་བབས་ལ་བསམ་བློ་བཏང་ན་འགོ་ཁྲིད་དང་མི་མང་ཚང་མས་བསམ་ཤེས་དགོས་པ་གལ་ཆེན་པོར་གྱུར་ཡོད།
མདོར་ན་རང་དབང་མང་གཙོའི་སྤྱི་ཚོགས་ནང་འགོ་ཁྲིད་ལ་སྐྱོན་འཛུགས་བྱེད་ཆོག་པ་དང་།དེ་ལ་བརྟེན་ནས་ཡར་མར་སྐད་ཆ་མཐོ་དམན་སྣ་ཚོགས་ཡོང་སྲིད་པ་དེ་མང་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་ཡིན། སྤྱི་དོན་ལ་བརྟེན་ནས་བྱུང་བའི་རྩོད་རྙོག་དེ་དག་སྒེར་དོན་དང་འབྲེལ་བ་གང་ཡང་མེད་པས་སྒེར་གྱི་འཁོན་རྩོད་དུ་འགྱུར་མི་རུང་ལ། སྒེར་དོན་དང་འབྲེལ་བའི་རྩོད་རྙོག་གང་ཡོད་པ་དེ་སྤྱི་དོན་གྱི་ནང་བསྲེ་མི་རུང་། གལ་སྲིད་དེ་ལྟར་བྱེད་མཁན་ཡོད་ན་“སྒེར་ནད་སྤྱི་སྤུངས་”ཞེས་པ་དེ་ཡིན་པས། ན་ཚ་དེའི་རྐྱེན་ལས་བྱུང་བའི་རྩོད་རྙོག་ནི་རྒྱུན་རིང་སེལ་དཀའ་བ་ཞིག་ཏུ་འགྱུར་སྲིད། སྤྱི་པ་དང་འབྲེལ་བའི་རྩོད་རྙོག་ནི་རྩོད་ས་ནས་ཁ་གསལ་གཏིང་གསལ་གྱིས་བརྩད། བཞག་ས་ནས་རྦད་དེ་མཚམས་འཇོག་བྱེད་དགོས་པ་ཞིག་རེད། སྒེར་གྱི་ན་ཚའམ་སྒེར་གྱི་རྩོད་རྙོག་ཅིག་སྤྱི་པའི་གནད་དོན་ཐོག་གཏན་ནས་སྤུངས་མི་རུང་བ་དང་། སྤྱི་པ་དང་འབྲེལ་བའི་རྩོད་རྙོག་ཅིག་ཁ་ལ་ཁུར་ནས་མི་སྒེར་གྱི་ལས་དོན་བསྒྲུབ་མི་རུང་བ་ནི་དེ་བས་ཀྱང་གལ་ཆེན་པོར་གྱུར་ཡོད།།