རྒྱ་གར་མོམ་བྷེ་གྲོང་ཁྱེར་དུ་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད།
སྐབས་དེར་འཇིགས་སྐུལ་རིང་ལུགས་པས་ས་ཆ་མི་འདྲ་བ་ཁག་བཅུ་གཅིག་ཙམ་ལ་འཇིགས་སྐུལ་གྱི་དོན་རྐྱེན་བཟོས་ཡོད་པ་དང༌། གནོད་སྐྱེན་ཐེབས་ས་ཆེ་ཤོས་གཉིས་ནི་ཏ་ཇཱི་མགྲོན་ཁང་དང་ཊི་རི་ཌན་མགྲོན་ཁང་ཡིན་པ་རེད། སྐབས་དེར་འཇིགས་སྐུལ་བར་ཁ་གཏད་གཅོག་མཁན་དམིགས་བསལ་སྦྱོང་བརྡར་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཀྱི་བདེ་འཇགས་སྲུང་དམག་བཏང་ནས། མཚན་གཅིག་རིང་འབར་རྫས་གས་གཏོར་ཁྲོད་མི་མང་སུམ་ཅུ་ལྷག་ཙམ་སྲོག་སྐྱོབ་ཐུབ་པ་དང༌། ཉིན་དེའི་སྔ་དྲོར་མངའ་སྡེའི་བློན་ཆེན་གཙོ་བོ་ཝིའི་ལ་སཱ་རའོ་མཆོག་གིས་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་བའི་འཐབ་རྩོད་མུ་མཐུད་ཀྱི་ཡིན་སྐོར་གསུངས་ཡོད་པ་རེད། སྐབས་དེར་ཏ་ཇཱི་མགྲོན་ཁང་དུ་འཇིགས་སྐུལ་བ་གྲངས་བཅུ་དྲུག་ནས་བཅོ་བརྒྱད་བར་ཡོད་སྐོར་འཁོད་འདུག འཇིགས་སྐུལ་བ་དེ་དག་ནི་ལོ་ན་ཉི་ཤུ་ནས་སུམ་ཅུ་བར་རྐྱང་རྐྱང་ཡིན་པ་མ་ཟད། མཚོན་ཆ་དང་སྦྱོང་བརྡར་ཚད་མཐོན་པོ་ཡོད་པ་ཤ་སྟག་ཡིན་ཚུལ་འདུག འཇིགས་སྐུལ་གྱི་དྲག་སྤྱོད་ལས་འགུལ་དེའི་རྐྱེན་གྱིས་མོམ་བྷེ་གྲོང་ཁྱེར་ནང་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང༌། མི་མང་ཡར་མར་འགྲོ་བ་སོགས་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད། རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་ཉེས་མེད་མི་མང་ཐོག་བསམ་ཤེས་མེད་པའི་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ང་ཚོའི་ཉེན་རྟོག་པ་དང་གསང་བའི་ལས་ཁུངས་དང་ལག་གདང་སྦྲེལ་ནས་གདོང་ལེན་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང༌། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་པཱ་ཀི་སི་ཐན་དུ་ཡོད་པའི་ལཱག་ཤི་ཀར་ཚོགས་པ་དེ་བྷིན་ལ་དྷན་གྱི་རྒྱལ་སྤྱིའི་ཁ་ཆེའི་ཚོགས་པ་ཞེས་པ་དང་ཨལ་ཁེ་རྡ་ཞེས་པའི་ཚོགས་པ་དང་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག གང་ཡིན་ཟེར་ན། ཁ་ཆེའི་ཚོགས་པ་དེ་ཉིད་བདུན་ཕྲག་སྔོན་མའི་ནང་དུ་ལོ་འཁོར་ཚོགས་ཆེན་འཚོགས་པ་དང༌། དེ་སྔོན་རྒྱ་གར་དུ་དུག་རྫས་མང་པོ་ཁྱབ་སྤེལ་བྱས་ཡོད་པ་རེད་འདུག འོན་ཀྱང་ཚོགས་པ་དེས་ངོས་ལེན་བྱས་ཡོད་མི་འདུག ཛ་དྲག་གི་དོན་རྐྱེན་དེར་རྒྱལ་ཁབ་མང་པོའི་དབུ་ཁྲིད་ཀྱིས་ཐུགས་གསོའི་ཕྱག་བྲིས་གནང་ཡོད་པ་དང༌། དེའི་ནང་ནས་ཨ་རིའི་སྲིད་འཛིན་གསར་པ་ཨོ་བྷ་མ་དང༌། བོད་མིའི་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ལ་ཐུགས་གསོའི་ཕྱག་བྲིས་གནང་ཡོད་པ་རེད། དོན་རྐྱེན་དེར་ཆེད་དུ་ཞིབ་འཇུག་དང་རྒྱབ་སྐྱོར་བྱེད་མཁན་ཨ་རི་ནས་གསང་བའི་ལས་ཀ་བྱེད་མཁན་གྱི་མཁས་པ་༡༦ བཏང་བ་དང༌། ཨ་རིའི་སྲིད་འཛིན་ལས་ཐོག་བྷུ་ཤི་ཡིས་འཇིགས་སྐུལ་བར་གདོང་ལེན་གྱི་རྒྱབ་སྐྱོར་བྱེད་རྒྱུ་ནི་རྣམ་པ་ཀུན་དུ་འོས་འགན་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད། དོན་རྐྱེན་ཁྲོད་གནོད་འཚེ་ཕོག་པ་རྣམས་ལ་ཧིན་སྒོར་འབུམ་གཉིས་དང་ཕྱེད་ཀ་རེ་སེམས་གསོའི་ཆེད་དུ་སྤྲད་ཡོད་པ་རེད།།