རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ཆིན་ཀང་བསད་པ་ཡིན་ནམ་ཡང་ན་རང་ཤི་བརྒྱབས་པ་ཡིན།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ཆིན་ཀང་ཚེ་ལས་འདས་ཡོད་པར་རྗོད་བཞིན་འདུག་ལ། ཁོ་ནི་སྲིད་འཛིན་ཞི་ཅིན་ཕིང་གིས་ཡིད་ཆེས་བློ་གཏད་བྱེད་སའི་འགོ་ཁྲིད་གཅིག་ཡིན་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་ཀྱི་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་༧ ནང་ཁོ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ནས་ཕྱི་འཕུད་བཏང་ནས་ཁོའི་ཚབ་དུ་ཝང་ཡིད་(Wang Yi)ཟེར་བ་དེ་བསྐོ་བཞག་བྱས་ཡོད། རྒྱ་ནག་ནང་གི་འགོ་ཁྲིད་མཐོ་གྲས་དག་ལ་འབྲེལ་བ་ཡོད་པའི་གསར་འགོད་པ་གཉིས་ཀྱིས་ཆིན་ཀང་ཕྱིར་འཕུད་བཏང་བའི་ཟླ་བ་རྗེས་མའི་ནང་རང་སྲོག་བཅད་པ་ཡིན་དང་མནར་གཅོད་བཏང་ནས་ཡིན་མ་ངེས་པར་ཚེ་ལས་འདས་ཡོད་པར་རྗོད་ཀྱི་ཡོད་འདུག
ཕྱི་ཚེས་༨ ཉིན་Wion གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ཆིན་ཀང་(Qin Gang)དེ་སྔོན་ཕྱི་ཟླ་༧ ནང་ཕྱིར་འཕུད་བཏང་ཡོད་པ་དང་། བདུན་ཕྲག་འདིའི་རེས་གཟའ་ལྷག་པའི་ཉིན་(Politico)ཟེར་བའི་གསར་ཁང་གིས་རྒྱ་ནག་ནང་གི་གནད་ཡོད་འགོ་ཁྲིད་ཁག་དང་འབྲེལ་བ་ཡོད་པའི་གསར་འགོད་པ་གཉིས་ཀྱིས་བརྗོད་དོན་ལ། པེ་ཅིང་དུ་དུས་རྒྱུན་འགོ་ཁྲིད་ཁག་ལ་སྨན་བཅོས་བྱེད་སའི་དམག་མིའི་སྨན་ཁང་ཞིག་ནང་ཆིན་ཀང་ཚེ་ལས་འདས་ཡོད་པར་བརྗོད་ཡོད་འདུག ཆིན་ཀང་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ནས་ཕྱིར་འཕུད་བཏང་ནས་ཁོའི་ཚབ་དུ་ཝང་ཡིད་(Wang Yi)བསྐོས་ཡོད་པ་དང་། ཆིན་ཀང་ཕྱི་སྲིད་བློན་ཆེན་ལ་བསྐོ་བཞག་མ་བྱས་པའི་སྔོན་ཁོ་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་པ་ཡིན་འདུག དེ་རྗེས་ཕྱི་ལོ་༢༠༡༤ ནས་༢༠༡༨ བར་སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་ཁག་དང་ཐུག་འཕྲད་བྱེད་དུས་གོ་སྒྲིག་པའི་འགན་འཛིན་གྱི་ལས་འགན་ཁུར་མྱོང་ཡོད་འདུག ཆིན་ཀང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆགས་ནས་ཟླ་བ་༦ ཕྱིན་རྗེས་ཕྱི་ཟླ་༦ ཚེས་༢༥ ཉིན་ཆིན་ཀང་གིས་ཤྲི་རི་ལང་ཀའི་ཕྱི་སྲིད་བློན་ཆེན་དང་། ཝེ་ཐེ་ནམ་གྱི་ཕྱི་སྲིད་བློན་ཆེན། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་བཅས་དང་ལྷན་དུ་ཚོགས་འདུ་ཞིག་འཚོགས། དུས་དེ་ནས་བཟུང་ཆིན་ཀང་གར་སོང་ཆ་མེད་གྱུར་ཡོད་པ་རེད།
ཨུ་རུ་སུའི་སི་ཏ་ལིན་(Stalin) འདྲ་བའི་རྒྱ་ནག་ནང་གི་ཞི་ཅིན་ཕིང་།
ཆིན་ཀང་ཚེ་ལས་འདས་པའི་སྐོར་གྱི་གནས་ཚུལ་ཐོན་རྗེས་མི་མང་པོ་ཞིག་གིས་ད་ཆར་རྒྱ་ནག་ནང་ཞི་ཅིན་ཕིང་ནི་ཨུ་རུ་སུའི་སྔོན་མའི་འགོ་ཁྲིད་སི་ཏ་ལིན་ལྟ་བུ་གཅིག་བསྡུ་རིང་ལུགས་པ་ཞིག་ལ་གྱུར་ནས། ཕྱི་ལོ་༢༠༡༢ ནས་ད་བར་གཞུང་གི་འགོ་ཁྲིད་ས་ཡ་འགའ་ཤས་ཕྱིར་འཕུད་བཏང་བ་དང་གར་སོང་ཆ་མེད་དུ་གྱུར་ཡོད་པར་རྗོད་ཀྱི་འདུག དེ་བཞིན་ཉེ་ཆར་ཕྱི་སྲིད་བློན་ཆེན་ཟུར་པ་ཆིན་ཀང་ཡང་འགྲེལ་བརྗོད་གང་ཡང་མེད་པའི་ཐོག་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། The Politicoཟེར་བའི་གསར་ཁང་གི་གསར་འགོད་པས་བརྗོད་དོན་ལ། རྒྱ་ནག་གཞུང་ནང་གོ་གནས་མཐོན་པོ་ཡོད་པ་དེ་སྔོན་རྡུལ་ཕྲན་མཚོན་ཆ་ལ་ལྟ་རྟོགས་བྱེད་མཁན་གྱི་དམག་དཔོན་དང་གཞན་ཡང་གཞུང་གི་ཚོང་གཉེར་ཁང་མང་པོའི་འགོ་ཁྲིད་སོགས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། འགའ་ཤས་ལ་དྲི་རྩད་དང་རྡུང་རྡེག་བཏང་བའི་རྐྱེན་གྱིས་ཤི་བ་སོགས་འགོ་ཁྲིད་མང་པོ་མེད་པ་བཟོས་ཡོད་པར་རྗོད་ཀྱི་འདུག
ཆིན་ཀང་གི་ཟུར་བསྟེན་ཆུང་མའི་གནད་དོན་སྐོར།
ཆིན་ཀང་གར་སོང་ཆ་མེད་དུ་གྱུར་རྗེས་ཁོ་ལ་དེ་སྔོན་གསར་འགོད་པའི་བུད་མེད་གཅིག་ཟུར་དུ་ཕོ་མོའི་འབྲེལ་བ་ཡོད་པའི་སྐོར་གླེང་སློང་ཆེན་པོ་བྱས་ཡོད་པ་དང་། གསར་འགོད་པའི་བུད་མེད་དེ་ལ་ཆིན་ཀང་གི་ཡིན་པའི་ཨ་རིའི་མི་སེར་གྱུར་པའི་བུ་ཆུང་ཆུང་གཅིག་ཡོད་པའི་སྐོར་བརྗོད་ཡོད་འདུག ཁོ་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་པ་ཡིན་དུས་དོན་རྐྱེན་དེ་བྱུང་ཡོད་པར་རྗོད་ཀྱི་འདུག་ལ། བུད་མེད་དེའི་མིང་ལ་(Fu Xiaotian)ཟེར་གྱི་ཡོད་པ་དང་། བུད་མེད་དེ་རྒྱ་ནག་གི་བརྙན་འཕྲིན་ཁང་(Phoenix TV )ཟེར་བའི་གསར་འགོད་པ་ཡིན་འདུག ཁོང་མོ་ནི་ཨ་རིའི་མཐོ་སློབ་གྲགས་ཅན་Cambridge University་ནང་སློབ་སྦྱོང་བྱས་མྱོང་ཡོད་འདུག ཁོང་གཉིས་ལོ་༡༠ སྔོན་དུ་ཐུག་ཡོད་འདུག་ལ། ཆིན་ཀང་གར་སོང་ཆ་མེད་དུ་གྱུར་དགོས་པའི་གནད་དོན་གཅིག་རང་གི་ཆུང་མ་དངོས་མ་ཡིན་པའི་ཟུར་བསྟེན་ཞིག་ཡོད་པའི་གནད་དོན་ཡིན་ཀྱང་། དེ་ལས་གལ་ཆེའི་གནད་དོན་གཞན་ཞིག་ཡོད་པར་གསར་འགོད་པ་དེས་བརྗོད་དོན་ལ། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་(Rudenk)་ཟེར་བ་ཞིག་གིས་ཞི་ཅིན་ཕིང་ལ། ཆིན་ཀང་གིས་རྒྱ་ནག་གི་བདེ་སྲུང་དང་རྡུལ་ཕྲན་མཚོན་ཆ། དེ་བཞིན་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་གསང་བ་མང་པོ་ཞིག་ནུབ་ཕྱོགས་པ་རྣམས་ལ་མཁོ་སྤྲད་བྱས་ཡོད་པར་བརྗོད་པས། དེའི་རྐྱེན་གྱིས་ཆིན་ཀང་གར་སོང་ཆ་མེད་དུ་གྱུར་པ་རེད་ཅེས་བརྗོད་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
