བོད་པའི་བུད་མེད་གཅིག་ལ་རྒྱ་གཞུང་གིས་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག

རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག་བོད་ནང་གི་འདམ་གཞུང་རྫོང་ནས་ཡིན་པའི་བོད་པའི་བུད་མེད་སེམས་སྐྱིད་སྒྲོལ་མ་ཞེས་པ་ཞིག་ལ་རྒྱ་གཞུང་གིས་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཕྱི་ཟླ་༡༢ ཚེས་༨ ཉིན་བོད་ཀྱི་དུས་བབ་གསར་ཁང་གི་གནས་ཚུལ་ལྟར་ན། ཕྱི་ཟླ་༡༠ པའི་ནང་འདམ་གཞུང་རྫོང་སྦྲ་ཁ་གྲོང་ཚོ་ནས་ཡིན་པའི་བོད་པའི་བུད་མེད་སེམས་སྐྱིད་སྒྲོལ་མ་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་པ་དང་། ཁོང་མོ་བཙན་ཁྲིད་བྱས་རྗེས་གནས་ཚུལ་གོ་ཐོས་མེད་པར་གྱུར་ཞིང་། ཟླ་འདིའི་ཕྱི་ཚེས་༢ ཉིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་ཚུལ་གྱི་ཉེས་མིང་འོག ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བརྡ་ཐོ་ཁོང་མོའི་ནང་མི་ཚོར་འབྱོར་ཡོད་འདུག དེ་གའི་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་པས། སེམས་སྐྱིད་སྒྲོལ་མ་ལགས་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་གཞན་གང་ཡང་མེད་ཀྱང་། དུས་རྒྱུན་ཆོས་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་དེ་འདྲའི་ནང་མཉམ་ཞུགས་བྱས་ཡོད་སྟབས། དེ་རིགས་ཁྲིམས་འགལ་དུ་བརྩིས་ནས་ཁྲིམས་ཐག་བཅད་པ་ཞིག་ཡིན་སྲིད་སྐོར་དང་། དེ་བཞིན་སེམས་སྐྱིད་སྒྲོལ་མ་ལགས་འཛིན་བཟུང་བྱས་རྗེས། ནང་མི་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཁོང་མོའི་སྤུན་མཆེད་ཚེ་རྡོ་ལགས་ས་གནས་ཉེན་རྟོག་ཁང་དུ་ཐེངས་བཞི་ལ་ཕྱིན་ནས་སྐད་ཆ་དྲིས་ཡོད་ཀྱང་། རྒྱ་ནག་ཉེན་རྟོག་ཕྱོགས་ནས་ལན་གང་ཡང་སྤྲད་མེད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག སེམས་སྐྱིད་སྒྲོལ་མ་ལགས་ནི་ཕྱི་ལོ་༢༠༡༩ ལོར་མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྫོང་ནས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྦྲ་ཁ་གྲོང་ཚོར་མནའ་མར་ཡོང་བ་ཞིག་ཡིན་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།