བལ་ཡུལ་ནང་གི་བོད་མིའི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་འགྲེམ་སྤེལ་གནང་སོང་།
ཟླ་འདིའི་ཚེས་༩ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དྷ་སར་ཡོད་པའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་འགྲོ་བ་མིའི་ཐོབ་ཐང་གི་དུས་སྟོན་འགོ་འཛུགས་གནང་སོང་།

ཐེངས་འདིའི་དུས་སྟོན་ཐོག་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་དང་ཉམས་ཞིབ་པ་ཉི་མ་འོད་ཟེར། དེ་བཞིན་ངག་དབང་ལུང་རྟོགས་གཙོས་པའི་ས་གནས་མི་མང་དང་སློབ་ཕྲུག་ཁག་ཅིག་མཉམ་ཞུགས་ཐོག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པ་༼Asian Dignity Initiative(ADI)༽ ་གཉིས་མཉམ་འབྲེལ་གྱིས་འགག་འཕྲང་དུ་ལུས་པའི་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཞེས། བལ་ཡུལ་ནང་གི་བོད་མི་ཚོའི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་འགྲེམ་སྤེལ་གནང་སོང་།
སྐབས་དེར་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བས། འདས་པའི་ལོ་ངོ་བཅུ་ཙམ་གྱི་རིང་། བལ་ཡུལ་ལ་ཡོད་པའི་བོད་མི་ཚོའི་གནས་སྟངས་ཐོག་སྙན་ཐོ་འདོན་མཁན་བྱུང་མེད་པ་དང་། ད་ལྟའི་ཆར་བལ་ཡུལ་ལ་རྒྱ་གཞུང་གི་གནོན་ཤུགས་ཆེན་པོ་བསླེབས་ཡོད་པ་མ་ཟད། བོད་མི་ཚོའི་གནས་སྟངས་ཀྱང་ཛ་དྲག་ཆེ་རུ་ཕྱིན་ཡོད་འདུག་ཅེས་དང་། བལ་ཡུལ་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༤༨༠༠ ལྷག་ཡོད་ཀྱང་བོད་དང་འབྲེལ་བའི་ཚོགས་པ་༥ ཙམ་མ་གཏོགས་མེད་པས། ཚོགས་པ་གང་མང་ལ་འབྲེལ་བ་བྱས་ནས་བལ་ཡུལ་ལ་ཡོད་པའི་བོད་མི་ཚོའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་གལ་ཆེན་ཆགས་ཡོད་པ་གསུངས་སོང་།
དེ་བཞིན་སྙན་ཐོ་དང་འབྲེལ་བའི་ཐོག་ལྟེ་གནས་ཁང་གི་ཉམས་ཞིབ་འགན་འཛིན་ཚེ་རིང་མཚོ་མོས། བོད་ནི་འཛམ་གླིང་ཐོག་གི་རང་དབང་ཆུང་ཤོས་གྲས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། བལ་ཡུལ་ལ་ཡོད་པའི་བོད་མི་ཚོའི་གནས་སྟངས་ཀྱང་ཉེ་བའི་ལོ་འགའི་སྔོན་ནས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པས། བོད་མི་མང་པོས་བལ་ཡུལ་ལ་བོད་གཉིས་པ་ཞེས་རྗོད་བཞིན་ཡོད་རབས་སོགས་གསུངས་སོང་།
གཞན་ཡང་ལྟེ་གནས་ཁང་གིས་འགྲེམ་སྤེལ་བྱས་པའི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་དང་བལ་ཡུལ་དབར་ས་མཚམས་བཀག་བསྡོམས་བྱས་པ་དེ་དང་། ཕྱི་ལོ་ ༢༠༡༧ ལོ་ནས་བལ་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ལ་མཉམ་ཞུགས་བྱས་པ་སོགས་ས་བབ་སྲིད་དོན་གྱི་ཆ་ནས་རྒྱ་ནག་གི་འདོད་མོས་དང་བསྟུན་དྲགས་ཆེ་བ་སོགས་ཀྱི་རྐྱེན་གྱིས། ཁུལ་དེར་ཡོད་པའི་བོད་མི་སྐྱབས་བཅོལ་བའི་ཆོས་ལུགས་དད་མོས་རང་དབང་དང་། རིག་གཞུང་གཅེས་འཛིན་གྱི་རང་དབང་། སྨྲ་བརྗོད་རང་དབང་། ཐ་ན་ལོ་གསར་དང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གཏོང་བ་སོགས་ལ་ཡང་འགོག་རྐྱེན་དང་ཚད་བཀག་ཇེ་ཆེ་རུ་ཕྱིན་ཡོད་འདུག
དེ་བཞིན་བོད་མི་མང་པོས་བལ་གཞུང་ནས་ཡིག་ཆ་གང་ཡང་སྤྲད་མེད་པར་བརྟེན་ཐོབ་ཐང་དོ་ཕོག་གི་གནས་ཚུལ་མང་པོ་འབྱུང་བཞིན་པར་བརྗོད་འདུག བལ་ཡུལ་ནང་གི་བོད་མི་ཚོ་རྒྱལ་ཁབ་གཞན་གྱིས་སྐྱབས་བཅོལ་ལེན་ཐབས་བྱེད་སྐབས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བལ་གཞུང་གིས་བོད་མི་ཚོར་ཕྱིར་སྐྱོད་ཆོག་མཆན་མི་སྤྲོད་པའི་གནས་ཚུལ་འབྱུང་བཞིན་ཡོད་འདུག་ཅེས་བཀོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ་དང་བསོད་ནམས་ཕུན་ཚོགས།