བདེ་སྐྱིད་ཀྱི་གཞི་མ་ཁྱེད་ཚོ་ཡིན།

དེ་བས་ཉམས་ཆུང་གི་བྱ་བ་ཞིག་ལ་བག་ལྷོད་པོའི་སྒོ་ནས་ བརྩོན་འགྲུས་བྱ་ན་བཟང་ཟེར།་ལ་ལས་སེམས་བཟང་ཡིན་སྐད་དུ་སྤྱིའི་ཆ་ནས་བུད་མེད་ ཟེར་བ་དེ་ཚོ་ནང་གི་ལས་དོན་གཙོ་སྐྱོང་བྱེད་ན་སྒེར་ལ་ཁེ་སང་རག་ཐུབ་པ་མ་ཟད།་ དཀའ་སྡུག་ཀྱང་མང་པོ་མྱོང་དགོས་ཀྱི་མ་རེད་ཟེར།ལ་ལས་ཡིན་གཅིག་མིན་གཉིས་སྤྱི་ ཚོགས་ཐོག་ནས་ཕྱིར་ཐོན་ཐབས་བྱ་དགོས་དོན་ག་རེ་ཡོད་དམ།་རང་གི་ལས་གནས་ཁོ་ནར་ བརྩོན་འགྲུས་མ་ལྷོད་པ་བྱོས་དང།་དེ་གས་འགྲིག་པ་རེད་ཟེར།མདོར་ན་སྐད་ཆ་དེ་དག་ དང་དེ་མིན་པའི་བསམ་ཚུལ་སྣ་ཚོགས་ནང་བདག་ལ་དགོས་པའི་སེམས་ཀྱི་སྐད་ཆ་ཧ་ཅང་ཉུང་ བ་ནི་དངོས་གནས་ཡིད་མུག་དགོས་པ་ཞིག་རེད།འཇིག་རྟེན་འདིའི་ཐོག་འཚོ་བཞིན་པའི་ བུད་མེད་རྣམས།་དམིགས་བསལ་དུ་བོད་ཁ་བའི་ལྗོངས་ཀྱི་མ་ཡུམ་རྣམས།་ཁོང་མོ་ཚོར་ དགོས་པ་ནི་དུས་རབས་མང་པོའི་རིང་ནས་རྒྱུན་འབྱམས་སོང་བའི་དམའ་འབེབས་ཀྱི་ཚིག་ མཚོན་རྣོ་མོ་མིན་ལ།་མཐོང་ཆུང་གི་གནག་སེམས་དང།ཁྱད་བསད་ཀྱི་རྡོ་རོལ་ཡང་མིན།་ བུད་མེད་ཚོར་དགོས་པ་ནི་མི་རིགས་ཀྱི་འགན་འཕྲི་ཕྲག་པར་སྟེགས་ནས་མིའི་རིགས་ ཀྱི་ཤེས་རིག་དར་སྤེལ་གཏོང་རྒྱུ།མི་ཚེ་བདེ་སྐྱིད་ལྡན་པ་དང།་བརྩེ་དུང་དང་མས་ རོགས་འདེགས་ཡོད་པ།་ཡིད་འོང་དང་ཕུག་བསམ་ལྟ་བུའི་བཟང་པོས་མིའི་རིགས་ཀྱི་བདེ་ སྐྱིད་འཚོ་བ་ཞིག་བསྐྲུན་རྒྱུ་དེ་ཡིན།

 

 

སྐྱེས་ཕོ་ཚོའི་གཡོ་སྒྱུ་དང་འཕྲུལ་སྣང་གི་ངར་སྐད་ལ་བུད་མེད་ཚོ་ཡིད་སུམ་བཞིན་ཡོད་ལ། སྐྱེས་ཕོ་ཚོའི་དབང་ཡོད་དང་ཧམ་སེམས་ལ་བུད་མེད་ཚོ་ཧོན་འཐོར་བཞིན་ཡོད།སྐྱེས་ ཕོའི་ཚོའི་ཧམ་སེམས་ཀྱིས་བུད་མེད་ཀྱི་ལུས་སེམས་གཉིས་ལ་རྨས་མ་བཟོ་བཞིན་ཡོད་ལ། སྐྱེས་ཕོ་ཚོའི་དྲག་འགུལ་གྱིས་ཞི་བདེ་དང་བག་འཕེལ་བའི་བཟང་པོའི་ཕྱོགས་ཡོངས་ སུ་བཅོམས་ནས་བུད་མེད་ཀྱི་ངུ་རྒྱང་དང་ཕྲུ་གུའི་སྐད་འབོད་འོག་སྐྲག་སྣང་གི་ འཇིག་རྟེན་ཁོར་ཡུག་ཅིག་ཏུ་འཚོ་དགོས་པར་བཟོས་ཡོད།

ལྟོས་དང།་བུ་མོ་ཆུང་ཆུང་དེས།་ཨ་ཕ།་ང་རང་ཆེན་པོ་ཆག་རྗེས་སྡེངས་ཆའི་སྒང་ནས་འཁྲབ་ སྟོན་པ་ཞིག་བྱས་ཏེ་ངའི་མཛེས་སྡུག་ཡོངས་རྫོགས་མི་ཚོའི་མདུན་དུ་གཤམ་ནས་ཚང་མ་ སྤྲོ་པོ་ཡོང་ཐབས་དང།ང་ལ་བསྟོད་སྔགས་གཏོང་དགོས་པ་ཞིག་བཟོ་ཡི་ཡིན་ཞེས་བཤད།་ འོན་ཀྱང་དབང་ཤེད་ཅན་གྱི་ཨ་ཕས།ག་རེ།་ཁ་བཙུམ།་བུ་མོ་ཆེན་པོ་འགྱུར་ན་མནའ་མ་ འགྲོ་རྒྱུ་རེད།་དེ་བས་ནང་ལས་བྱེད་སྟངས་མང་ཙམ་སྦྱོང་ནས་ཁྱོ་བོར་ཞབས་ཞུ་ཡག་ པོ་བསྒྲུབ་ཟེར།ལྐུགས་འཚུབ་འཚུབ་ཀྱི་ཨ་ཕ་དེས་བུ་མོ་ཆུང་ངུའི་སེམས་ཀྱི་མཛེས་ སྡུག་ལ་འཛེམས་ཟོན་མེད་པར་སྣང་ཆུང་བྱས་ཡོད།

གཞོན་ནུ་མ་དེས་རང་གི་ཁྱོ་བོར་སྙིང་སྡུག་ལགས།ངས་ཁྱེད་རང་ཁོ་ནའི་ཆེད་དུ་ཡོངས་ རྫོགས་བློས་གཏོང་ཐུབ།ངའི་མི་ཚེའི་རེ་བ་ཁོ་ནར་ཞིག་ཡོད་པ་དེའང་ཁྱེད་དང་བཟང་ པོའི་མཐའ་སྐྱོང་ནས་དགའ་སྤྲོ་ལྡན་པའི་མི་ཚེ་ཞིག་བསྐྱེལ་རྒྱུ་ཡིན་བཅས་བཤད་ སྐབས།མོའི་སྙིང་སྡུག་དེས་ཁྱོད་དང་ང་མི་ཚེ་མཐའ་འཁྱོལ་མིན་ངས་ཀྱང་བཤད་ཐག་མི་ ཆོད།འོན་ཀྱང་ང་རང་གཉིས་མཉམ་དུ་བསྡད་རིང་ངས་རང་ལ་ལྟོ་གོས་ལོས་སྤྲད་ཟེར།ཁྱོ་ བོའི་ཚིག་རྩུབ་མོ་དེས་གཞོན་ནུ་མའི་སེམས་སུ་ཁོ་ལ་བཅངས་པའི་ཡིད་འོང་གི་ཕུག་ བསམ་དག་ལ་མཐོང་ཆུང་བྱས་པ་མ་ཟད།ཁྱོ་བོས་ཁོའི་དགའ་མར་ལྟོ་གོས་སྤྲད་པ་དེའང་རང་ གིས་དགའ་མར་སྦྱིན་པའི་དྲིན་དུ་བརྩིས་ནས་དང་གཙང་གི་བརྩེ་དུང་དེ་ནག་ནོག་ཏུ་བསྒྱུར་ཡོད།

ཨ་མས་རང་གི་བུ་མོར་མ་འོངས་མདུན་ལམ་ཡག་པོ་ཡོང་ཕྱིར་གང་ཐུབ་ཅི་ནུས་ཀྱིས་བསླབ་ བྱ་བཟང་པོ་གནང་ཞིང།བུ་མོའི་རེ་འདུན་ལྟར་སྣེ་ཤེན་མ་ནོར་བ་གནང་དུས།ཨ་ཕས་ད་ གཡུག་ཞོག་མ་འོངས་པའི་ལས་དབང་ཚང་མ་ལྷ་དཀོན་མཆོག་ལ་བཅོལ་རྒྱུ་ལས་ག་རེ་བྱས་ ཀྱང་ཡོང་རྒྱུ་ཅིའང་ཡོད་མ་རེད་ཟེར་ནས་བུ་མོའི་ཧུར་སེམས་ལ་ཕྱིར་མི་མངོན་པའི་རྡུང་རྡེག་བཏང་བ་མ་ཟད།བུ་རྒྱུད་ཀྱི་སེམས་པར་སྒྱིད་ལུག་གི་འཚོ་ཐབས་བྱ་བསམ་པ་ དེར་བསྐུལ་འདེད་ངར་མ་བཏང་ཡོད་།

སྤྱི་ ཚོགས་ཐོག་ལས་རིམ་གྱི་སྤུས་ཚད་དང་འཇོན་ནུས་ཅིའང་འཐུས་ཚང་ཡོད་མཁན་གྱི་བུད་ མེད་ཅིག་ལའང་མོའི་ལས་རོགས་ཚོས།ལྟོས་དང།ཧང་སང་མདོག་འདྲ་བྱེད་དེ།ག་རེ་འཇོན་ གྱི་ཡོད་དམ།མོ་ལ་སྐྱོན་ཆ་འདི་དང་ནོར་འཕྲུལ་འདི།མ་མདངས་ས་འདི་དང་མི་འཇོན་ས་ འདི་དག་ཡོད་ཟེར་བ་ལས།ཉུང་མཐའང་བུད་མེད་དེའི་བཟང་པོའི་ཆ་ཕྲ་མོ་ཙམ་ཡང་མཐོང་ མི་ཐུབ་པ་དེ་ནི་སྒེར་གྱི་ལོག་ལྟའམ་བག་ལ་ཞ་ཚར་བའི་ལྟ་བའི་སྐྱོན་ཆར་ངོས་བཟུང་ རྒྱུ་བཞག་ནས།བུད་མེད་དེ་ཁོ་ཚོའི་མཐའ་ཁོར་དུ་ཡོད་པ་ཙམ་གྱིས་མི་དེ་དག་གི་ སེམས་ལ་དོན་མེད་ཀྱི་ཕོག་ཐུག་འགྲོ་བའི་གཞི་རུ་བསྒྱུར་ཡོད།

བུད་ མེད་ལགས།ཁྱེད་ཀྱིས་སོམས་དང།སྒེར་གྱི་སྡུག་རུས་དང་འབད་བརྩོན་བྱས་པའི་ལེགས་ བྱང་ལ་གཞན་གྱིས་མཐོང་ཆུང་དང་དམའ་འབེབས།ལོག་ལྟ་དང་ཁྱད་བསད་བྱེད་དུས་ཁྱེད་ ཀྱིས་ཅི་ཞིག་གིས་ལན་འདེབས་བྱ་བརྩིས་ཡོད།བུད་མེད་ལགས།ཁྱེད་ལ་ཕྱི་ནང་གསང་ གསུམ་གྱི་རྡུང་རྡེག་རག་དུས་ཁྱེད་ཀྱིས་ནུས་ལྡན་གྱི་ལན་ཅི་ཞིག་བྱའམ།བུད་མེད་ ལགས།ཁྱེད་ལ་གཞན་དང་གཅིག་མཚུངས་ཀྱི་གནས་སྟངས་སུ་འགྱིང་ནས་ཡོད་ཀྱང།དེ་ལ་ལུགས་ མཐུན་གྱི་གདིང་འཇོག་མ་ཐོབ་དུས་ཁྱེད་ཀྱིས་བྱ་བ་དང་ལས་དོན་ཅི་ཞིག་གི་ལོག་ལྟ་ ཅན་དེ་དག་ལ་ར་སྤྲོད་གསལ་པོ་བྱ་བརྩིས་ཡོད།

བུད་ མེད་ལགས།གོང་གི་གནས་སྟངས་སྐྱུར་མོ་དེ་དག་ཁྱེད་དང་བྲལ་མེད་འགྲོགས་བཞིན་པའི་ སྐབས་སུ་ཁྱེད་རང་གི་བྱ་བ་རྡོག་རོལ་གཏོང་བར་མགོ་བོ་སྒུར་ནས་ལོག་ལྟ་དེ་དག་དང་དུ་ལེན་བརྩིས་ཡོད་དམ།ཡང་ན་མི་ཁ་ཡིས་ཁྱད་བསད་དེ་དག་ལ་མི་འདོད་བཞིན་དུ་མོས་ མཐུན་བྱས་པ་ཡིན། ཡང་ན་དེ་བས་མི་ཁ་ཡིས་ཁྱད་བསད་མེད་པའི་སྤྱི་ཚོགས་ཀྱི་ཁུག་ཀྱོག་གང་རུང་ཞིག་ ནང་སྒེར་གྱི་ལྷིང་འཇགས་ཀྱི་འཚོ་བ་བག་འཁུམ་བ་ཞིག་རོལ་ནས་མི་ཚེ་ཕུད་ཐབས་བྱ་ རྩིས་ཡོད།

ཁྱེད་ ཀྱིས་ངར་མོའི་ཚིག་མཚོན་དང།ལོག་ལྟའི་རྡུང་རྡེག དབང་ཡོད་ཀྱི་གཉའ་གནོན་ལ་ཉིན་མཚན་དུས་དྲུག་གུས་གུས་ཞུམ་ཞུམ་གྱིས་སྲུང་བརྩི་ བྱེད་བཞིན་ཡོད་དམ།ཡང་ན་ཁྱེད་ཀྱི་ལེགས་བྱང་རྣམས་མ་འགྲུབ་པའི་རྐྱེན་གྱིས་མི་ ངན་ཚོའི་ཁ་ལ་བལྟས་ཏེ་ལྡོག་ཕྱོགས་ཀྱི་ལམ་ཁ་ཞིག་ཏུ་བཞུགས་ནས་སོ་སོ་དང་རང་གི་ མི་ཚེ།ཡང་ན་ཁྱེད་ལ་སྐད་ཆ་ཚིག་ཅིག་ལས་མེད་ཀྱང།སྤོབས་པ་དང་ཡིད་ཆེས་ཀྱིས་ བསྐུལ་བཅགས་གནང་མཁན་གྱི་བཟང་པོ་དེ་ཚོའི་ཡིད་ཆེས་རྩ་མེད་གཏོང་རྩིས་ཡོད།

དེ་ བས་གསོན་དང།བུད་མེད་ལགས།ཁ་ཡོད་ཚད་ཀྱིས་བཤད་བཞིན་པ་ལྟར།འཇིག་རྟེན་འདི་ནི་ཕོ་ མོ་གཉིས་ཀྱིས་གྲུབ་པ་བདེན་ན་ཁྱེད་ལའང་ཡིད་འོང་གི་འཇིག་རྟེན་དང་དྲོ་སྐྱིད་ ལྡན་པའི་ཁྱིམ་གཞི་བསྐྲུན་པའི་འགན་དབང་ཆ་ཚད་ཡོད།ཁྱེད་ཀྱིས་སོ་སོའི་ནུས་པ་དང་ ཤེས་ཡོན།འཇོན་ཐང་དང་ཐབས་ལམ་སྣ་ཚོགས་བསྐྱེད་དེ་བཟང་པོའི་བྱ་བ་དེ་དག་གིས་རང་གཞན་གཉིས་ལ་བདེ་སྐྱིད་བསྐྲུན་ཐབས་བྱ་དགོས།ཁྱེད་ལ་འཚོ་བའི་ཕྲོད་ཀྱི་དཀའ་ ཚེགས་འཕྲད་སྐབས་བུད་མེད་ཀྱི་བཟོད་པ་དང་སྙིང་རུས་བསྐྱེད་དེ་སྡུག་བསྔལ་གྱི་ འགག་སྒོ་རེ་རེ་བཞིན་བརྒལ་ཐབས་བྱ་དགོས།ཁྱེད་ལ་གཞན་གྱིས་ལོག་ལྟ་དང་དམའ་འབེབས་ ཀྱི་མཆི་ཞག་འཕེན་དུས་རིག་པ་གྲུང་གྲུང་གིས་མུ་མཐུད་འབད་འབུངས་ཀྱི་ཁ་ཕོ་ལྷོད་ མི་ཉན།ཁྱེད་ཀྱིས་གྲུབ་འབྲས་ཐོབ་པའི་བྱ་བཟང་དག་མི་རྣམས་ཀྱི་མདུན་དུ་ངོ་ སྤྲོད་གསལ་པོ་བྱེད་དེ་བུད་མེད་ནི་ནུས་མེད་ཅིག་མིན་པར་ར་སྤྲོད་བྱ་དགོས་། ཁྱེད་ཀྱིས་རིགས་རུ་ཚོའི་ལེགས་བྱང་སྟེ་རྒན་བསྐུལ་གཞོན་གཅེས་དང་ཁྱོ་བོར་གུས་ བརྩི།ཕྲུ་གུ་ཚོར་བྱམས་སྐྱོང་མཐའ་འཁྱོལ་བ་གནང་ནས་འགྲོ་བ་མིའི་རིགས་ཀྱི་བདག་ མོ་དངོས་དེ་གནང་དགོས།ཁྱེད་ཀྱིས་ངན་སེམས་དང་གཡོ་འཕྲུལ་ཐ་དག་དོར་གང་ཐུབ་བྱ་ རྒྱུ་ལས་ངན་པ་ལངས་ཤོར་གྱི་གནད་དོན་རྒྱ་བསྐྱེད་གཏོང་མི་རུང།

བུད་མེད་ལགས།ཁྱེད་ནི་འཇིག་རྟེན་གྱི་བདག་མོ་དང།ཁྱོ་བོའི་དགའ་མ།མིའི་རིགས་ཀྱི་ སྤྱི་ཚོགས་འདིའི་ཞི་བདེའི་རྨང་གཞི་བསྐྲུན་མཁན།ཕྲུ་གུ་ཚོར་དགའ་སྤྲོ་དང་བདེ་ སྐྱིད་སྦྱིན་མཁན།ཤེས་རབ་རང་བཞིན་གྱི་སྐྱེ་བོ་ཞིག་ཡིན་ལ་འཇིག་རྟེན་འདིའི་མཛེས་སྡུག་ཀུན་གྱི་གཞི་མ་ཡིན་པར་མ་བརྗེད་པར་བུད་མེད་ཚོའི་བཟང་པོའི་ལས་ཀྱིས་ ཉིན་རེའི་གོ་རིམ་ལྟར་རྒྱུན་མཐུད་དེ་འཇིག་རྟེན་འདིར་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་རོགས།

༢༠༡༠ལོའི་ཟླ་༡༠ཚེས་༢༦ཉིན་བྲིས།

མཆན་། རྩོམ་དུམ་འདི་མ་ཡུམ་འདོན་ཐེངས་གསུམ་པའི་ཐོག་བཀོད་ཟིན།