ཧི་མ་ཅལ་མངའ་སྡེའི་བློན་ཆེན་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངལ་སེལ་དངུལ་འབབ་རྩིས་འབུལ་ཞུས་འདུག
ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དགུན་དུས་ཚོགས་ཐུན་ཆེད་དྷ་སར་ཕེབས་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་ངལ་སེལ་དངུལ་འབབ་རྩིས་འབུལ་ཞུས་འདུག

ཉེ་ཆར་ཧི་མ་ཅལ་མངའ་སྡེའི་ནང་ཆར་ཞོད་ཀྱི་གོད་ཆག་ཆེན་པོ་བྱུང་བའི་དབང་གིས་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་ཀྱི་ཉིན་གཅིག་གི་ཕོགས་འབབ་བསྡུ་འབུལ་ཞུ་གཏན་ཁེལ་བ་ལྟར། ཟླ་འདིའི་ཚེས་༢༠ ཉིན་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཁ་ཝིན་དར་སིང་ག་སུ་ཁུ་ (Sukhvinder Singh Sukhu) ་མངའ་སྡེའི་གྲོས་ཚོགས་ཀྱི་དགུན་དུས་ཚོགས་ཐུན་ཆེད་དྷ་སར་ཕེབས་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱི་སྣེ་འཁྲིད་འོག དྲུང་འཕར་བསྟན་འཛིན་ནོར་བུ་དང་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར། དེ་བཞིན་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཨར་བཟོའི་སློབ་སྟོན་པ་ཨ་མར་དཱིཔ་བཅས་དྷ་སར་མངའ་གཞུང་གི་གྲོས་ཚོགས་ལྷན་ཁང་དུ་ཆེད་བཅར་གྱིས་ཧིན་སྒོར་བསྡོམས་༡༡,༥༣,༨༠༧།༢༨ ཀྱི་ཅེག་འཛིན་རྩིས་འབུལ་ཞུས་པ་དང་སྦྲགས། ཧི་མ་ཅལ་མངའ་སྡེ་ནས་བོད་མིའི་སྒྲིག་འཛུགས་ལ་མཐུན་འགྱུར་གང་འོས་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག
དེ་བཞིན་ལོ་འདིའི་ཕྱི་ཟླ་༧ པའི་ནང་ཧི་མ་ཅལ་མངའ་སྡེའི་ནང་ཆར་ཆུ་ཤུགས་ཆེན་བབས་ནས་ས་རུད་པ་དང་ལམ་ཀ་ཞིག་པ། མི་ལ་སྲོག་སྐྱོན་བྱུང་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པར་བརྟེན། ཟླ་བ་འདིའི་ཚེས་༡༢ ཉིན་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཁ་ཝིན་དར་སིང་ག་སུ་ཁུ་ (Sukhvinder Singh Sukhu) ལ་ཧི་མ་ཅལ་མངའ་སྡེའི་ནང་ཉེ་ལམ་ཆར་ཞོད་ཀྱི་རྐྱེན་པས་མི་ཤི་སྐྱོན་ཆག་བྱུང་བར་གདུང་སེམས་མཉམ་སྐྱེ་མཚོན་དོན་དུ་ཏཱ་ལའི་བླ་མ་ཐེབས་རྩ་ནས་ཉེན་སྐྱོབ་དང་ངལ་སེལ་སྐྱོབས་གསོའི་ཆེད་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས་གསུང་འཕྲིན་བསྩལ་ཡོད།
གསར་འགོད་པ། བློ་བཟང་རྒྱ་མཚོ།