ཨུ་རུ་སུའི་སྲིད་འཛིན་འོས་མི་ཞིག་གི་སྙན་ཞུ་འོས་བསྡུ་ལྷན་ཁང་གིས་ངོས་ལེན་མ་བྱས།
ཟླ་འདིའི་ཚེས་༢༥ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་གསར་འགོད་པ་ཟུར་པ་ཞིག་གིས་དམག་འཁྲུག་མཇུག་བསྡུ་རྒྱུའི་འབོད་ཚིག་འོག་སྲིད་འཛིན་འོས་མིར་ལངས་རྒྱུའི་ཐོ་འགོད་བྱས་ཀྱང་། ཨུ་རུ་སུའི་འོས་བསྡུ་ལྷན་ཁང་གིས་མོའི་སྙན་ཞུའི་ནང་ནོར་འཁྲུལ་ཡོད་རབས་བརྗོད་ནས་སྙན་ཞུ་ཁས་ལེན་བྱས་མེད་པ་རེད་འདུག

ཨུ་རུ་སུའི་གསར་འགོད་པ་ཟུར་པ་ཡེ་ཀ་ཊེ་རི་ན་ དྷུན་མཚོ་ཝ་(Yekaterina Duntsova) ཞེས་པའི་བུད་མེད་ཅིག་གིས་དམག་འཁྲུག་མཚམས་འཇོག་རྒྱུ་དང་ཆབ་སྲིད་བཙོན་པ་གློད་བཀྲོལ་གཏོང་རྒྱུའི་འབོད་ཚིག་འོག་སྲིད་འཛིན་འོས་མིར་ལང་རྒྱུའི་གསལ་བསྒྲགས་སྤེལ་ཞིང་། ཨུ་རུ་སུའི་འོས་བསྡུ་ལྷན་ཁང་ལ་ཐོ་འགོད་བྱས་ཡོད་འདུག་ཀྱང་། ཁོང་མོས་ཐོ་འགོད་བྱས་ནས་ཉིན་གྲངས་གསུམ་གྱི་རྗེས་ཏེ། ཟླ་འདིའི་ཚེས་༢༣ ཉིན་ཨུ་རུ་སུའི་འོས་བསྡུ་ལྷན་ཁང་གིས་ཁོང་མོའི་སྙན་ཞུའི་ནང་མིང་གི་དག་ཆ་གཙོས་པའི་ནོར་འཁྲུལ་༡༠༠ ཡོད་རབས་བགྲངས་ནས་སྙན་ཞུ་ངོས་ལེན་བྱས་མེད་པ་རེད་འདུག
གསར་འགོད་པ་ཟུར་པ་ཁོང་ནི་ལོ་ན་༤༠ སོན་ཞིང་། ལོ་འདིའི་ཕྱི་༡༡ པའི་ནང་ཁོང་ཉིད་སྲིད་འཛིན་གྱི་འོས་བསྡུའི་ནང་མཉམ་ཞུགས་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག ཨུ་རུ་སུའི་འོས་བསྡུ་ལྷན་ཁང་གིས་ཁོང་གི་སྙན་ཞུ་དེ་ངོས་ལེན་བྱས་མེད་པར་བརྟེན། ཁོང་གིས་ཐག་གཅོད་ཁྲིམས་མཐུན་མིན་པ་དང་། ཁོང་ཉིད་ཨུ་རུ་སུའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅར་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག འོས་བསྡུ་ལྷན་ཁང་གིས་བརྗོད་གསལ་ལྟར་ན། ད་བར་སྲིད་འཛིན་འོས་མིར་ཐོ་འགོད་བྱེད་མཁན་མི་གྲངས་༢༩ བྱུང་ཡོད་འདུག
ཕྱི་ལོ་༢༠༢༤ ཟླ་༣ པའི་ནང་ཨུ་རུ་སུའི་སྲིད་འཛིན་གྱི་འོས་བསྡུ་དེ་སླེབ་ཀྱི་ཡོད་པ་དང་། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་བཟུང་སྲིད་འཛིན་གྱི་འོས་བསྡུ་ཁེལ་བ་ཐོག་མ་དེ་ཆགས་ཡོད་འདུག ཨུ་རུ་སུའི་གཞུང་གིས་ཉེ་ཆར་མི་མང་ཁྲོད་བསམ་ཤོག་བསྡུ་ལེན་ཞིག་བྱས་ཡོད་པའི་ནང་། ཨུ་རུ་སུའི་མི་མང་བརྒྱ་ཆ་༨༠% ཡིས་ལས་ཐོག་སྲིད་འཛིན་ལ་རྒྱབ་སྐྱོར་བྱས་ཡོད་ཅེས་བརྗོད་འདུག ཐེངས་འདིའི་འོས་བསྡུའི་རྒྱལ་ཁ་དེ་ལོ་ན་༧༡ ལ་སོན་པའི་ལས་ཐོག་སྲིད་འཛིན་ལ་ཐོབ་རྒྱུའི་སྔོན་དཔག་བྱེད་བཞིན་འདུག
ལས་ཐོག་སྲིད་འཛིན་པུ་ཌིན་གྱིས་མི་ལོ་བརྒྱད་ཀྱི་རིང་ཨུ་རུ་སུའི་སྲིད་བློན་གྱི་འགན་ཁུར་མྱོང་ཡོད་པ་བརྩིས་པའི་ད་བར་ངོ་ལོ་༢༤ རིང་སྲིད་དབང་བཟུང་ཡོད་འདུག ལོ་འདིའི་ཕྱི་ཟླ་༡༢ ནང་ལས་ཐོག་སྲིད་འཛིན་གྱིས་ཁོང་ཉིད་ཕྱི་ལོ་༢༠༢༤ ལོའི་སྲིད་འཛིན་གྱི་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག་པ་དང་། གལ་སྲིད་ཁོང་ཨུ་རུ་སུའི་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ། སྲིད་འཛིན་གྱི་དུས་ཡུན་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་པ་མ་ཟད་ཨུ་རུ་སུའི་སྲིད་འཛིན་ཇོ་སི་ཧྤ་སི་ཏ་ལིན་(Josef Stalin) ་གྱི་རྗེས་སུ་ཨུ་རུ་སུའི་སྲིད་འཛིན་གྱི་དུས་ཡུན་རིང་ཤོས་འཛིན་མཁན་དེ་ཆགས་ཀྱི་ཡོད་འདུག ཨུ་རུ་སུའི་འོས་བསྡུའི་སྒྲིག་ཁྲིམས་ནང་གསལ་བ་ལྟར་ན། ཆབ་སྲིད་ཚོགས་པའི་འོས་མི་ཕུད་པའི་མི་སྒེར་པ་ཞིག་སྲིད་འཛིན་གྱི་འོས་མིའི་ནང་མཉམ་ཞུགས་བྱེད་པར། མི་གྲངས་༥༠༠ ཡི་རྒྱབ་སྐྱོར་དགོས་པ་མ་ཟད། ས་ཁུལ་མི་འདྲ་བ་༤༠ ནས་མི་གྲངས་༣༠༠,༠༠༠ ཡི་མཚན་རྟགས་དགོས་ཀྱི་ཡོད་འདུག གསར་འགོད་པ་ཟུར་པ་ཁོང་ཉིད་ཀྱང་སྒེར་གྱི་ངོས་ནས་ལངས་པ་ཞིག་ཆགས་ཀྱི་ཡོད་འདུག སྲིད་འཛིན་པུ་ཌིན་ལ་འོས་བསྡུའི་ནང་ཁ་གཏད་གཅོག་ཐུབ་མཁན་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འོས་མི་དང་འབུར་དུ་ཐོན་ནས་ཁོང་ལ་སྐྱོན་བརྗོད་བྱེད་མཁན་དག་ནི་ད་ལྟའི་ཆར་བཙོན་འོག་ཏུ་ཡོད་པ་དང་འགའ་ཤས་ནི་རྒྱལ་ཁབ་ཀྱི་ཕྱི་ལོགས་སུ་ལྷག་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།