བྷང་ལ་དྷེའི་ཤེའི་ལས་ཐོག་སྲིད་བློན་ལ་འོས་བསྡུའི་རྒྱལ་ཁ་བསྟུད་མར་ཐེངས་ལྔ་པ་དེ་ཐོབ་འདུག 

ཟླ་འདིའི་ཚེས་༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བྷང་ལ་དྷེ་ཤེའི་ནང་གི་ཕྱོགས་འགལ་ཆབ་སྲིད་ཚོགས་པས་འོས་བསྡུའི་ནང་མཉམ་ཞུགས་མ་བྱས་པ་ངོ་རྒོལ་བྱས་ཡོད་པ་དང་། ལས་ཐོག་སྲིད་བློན་ལ་འོས་བསྡུའི་རྒྱལ་ཁ་ཐེངས་ལྔ་པ་དེ་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག 

ཟླ་འདིའི་ཚེས་༧ ཉིན་ལ་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་བྷང་ལ་དྷེ་ཤེའི་ནང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུའི་གྲངས་བཤེར་བྱས་ཤིང་། ཕྱོགས་འགལ་ཆབ་སྲིད་ཚོགས་པས་འོས་བསྡུའི་ནང་མཉམ་ཞུགས་མ་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པར་བརྟེན། འོས་བསྡུའི་ནང་འགྲན་རྩོད་དེ་ཙམ་མེད་པ་དང་། ལས་ཐོག་སྲིད་བློན་(Sheikh Hasina) ་ལ་སྲིད་བློན་གྱི་རྒྱལ་ཁ་བསྟུད་མར་ཐེངས་ལྔ་པ་དེ་ཐོབ་ཡོད་འདུག

(པར། INDIA TODAY)

བྷང་ལ་དྷེ་ཤེའི་གྲོས་ཚོགས་སུ་རྐུབ་སྟེགས་ཁྱོན་བསྡོམས་༣༠༠ ཡོད་པ་ནས་ལས་ཐོག་སྲིད་བློན་གྱི་ཆབ་སྲིད་ཤོག་ཁ་ལ་རྐུབ་སྟེགས་༢༠༠ ཐོབ་ཡོད་འདུག ལས་ཐོག་སྲིད་བློན་ནི་ལོ་ན་༧༦ ལ་སོན་ཡོད་པ་དང་ཕྱི་ལོ་༢༠༠༩ ནས་ཡུལ་དེའི་སྲིད་བློན་གྱི་གོ་གནས་བཞེས་ཡོད་འདུག ཁོང་ཉིད་ཀྱི་འགོ་ཁྲིད་འོག་དཔལ་འབྱོར་ཐོག་ཡར་རྒྱས་ཕྲན་བུ་ཕྱིན་ཡོད་ཀྱང་། ཁོང་མོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་མང་དུ་ཕྱིན་ཡོད་པ་དང་། ལྷག་པར་དུ་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་མི་སྣ་མང་པོ་བཙོན་འཇུག་དང་རྡུང་རྡེག་གཏོང་བཞིན་ཡོད་པའི་ཐོག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག

འཛམ་གླིང་ཐོག་མི་འབོར་ཨང་བརྒྱད་པ་ཟིན་པའི་བྷང་ལ་དྷེ་ཤེའི་ནང་། རྒྱལ་ཁབ་དེ་ཐོག་མ་འཛུགས་མཁན་གྱི་བུ་མོའམ། ད་ལྟ་ལས་ཐོག་གི་སྲིད་བློན་དང་དེ་སྔའི་སྲིད་བློན་གྱི་དུས་ཡུན་ཐེངས་གཉིས་བྱེད་མྱོང་མཁན་གྱི་མིང་ལ་(Khaleda Zia) ་གཉིས་ཀྱི་བར་ལོ་མང་ནས་ཆབ་སྲིད་ཀྱི་འགལ་ཟླ་ཤུགས་ཆེན་འབྱུང་བཞིན་ཡོད་འདུག 

ལོ་སྔོན་མ་ཕྱོགས་འགལ་གྱི་ཆབ་སྲིད་ཚོགས་པ་གཙོས་པའི་ཆབ་སྲིད་ཚོགས་པ་མང་པོས་རྒྱལ་ཡོངས་འོས་བསྡུ་མ་བསླེབས་གོང་ལས་ཐོག་སྲིད་བློན་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་བསྟུད་མར་བྱས་ཀྱང་། ཁོང་དགོངས་པ་ཞུས་མེད་པ་དང་། ཁ་སང་རེས་གཟའ་ཉི་མའི་འོས་བསྡུའི་སྐབས་སུ་ས་ཁུལ་ཁག་གཅིག་ནང་མེ་མདའི་དོན་རྐྱེན་ཡང་བྱུང་ཡོད་འདུག

ཡིན་ཡང་། འོས་བསྡུའི་ལས་བྱེད་མི་སྣ་ཚོས་རྒྱལ་ཡོངས་སུ་ཉེན་རྟོག་པ་དང་དམག་མི་༨༠༠,༠༠༠ ་ཙམ་བཀོད་སྒྲིག་བྱས་ཡོད་པ་དང་འོས་འདེམས་དེ་ཞི་བདེའི་ངང་གྲུབ་ཡོད་པར་བརྗོད་ཡོད་འདུག

ཁོང་མོས་འོས་ཤོག་བླུགས་རྗེས། ཕྱོགས་འགལ་ཆབ་སྲིད་ཚོགས་པ་ནི་འཇིགས་སྐུལ་བའི་སྒྲིག་འཛུགས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཁོང་གིས་ནུས་པ་ཡོད་ཚད་བཏོན་ནས་རྒྱལ་ཁབ་ཀྱི་དམངས་གཙོ་མུ་མཐུད་གནས་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

ཕྱི་ལོ་༢༠༡༨ ལོ་རྒྱལ་ཡོངས་འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་མི་མང་བརྒྱ་ཆ་༨༠ ཟིན་པ་དང་། ཐེངས་འདིའི་འོས་བསྡུའི་ནང་ཕྱོགས་འགལ་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན། འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་མི་མང་བརྒྱ་ཆ་༤༠% མ་གཏོགས་ཟིན་མེད་པ་མ་ཟད། ཕྱོགས་འགལ་ཆབ་སྲིད་ཚོགས་པས་འོས་བསྡུ་དྲང་པོ་བྱུང་མེད་པ་དང་ཕྱོགས་གཅིག་གི་འོས་བསྡུ་ཡིན་པས་ངོས་ལེན་མེད་སོགས་བརྗོད་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།