ཐའེ་ཝན་གྱི་སྲིད་འཛིན་འོས་མི་གསུམ་པོའི་བར་གྱི་འགྲན་རྩོད་དང་མ་འོངས་པའི་སྲིད་འཛིན།
འདི་ལོ་ཕྱི་ཟླ་༡ ཚེས་༡༣ ཉིན་ཐའེ་ཝན་ནང་དུ་སྲིད་འཛིན་གྱི་འོས་བསྡུ་ཡིན་པར་བརྟེན། མ་འོངས་པའི་སྲིད་འཛིན་དེ་ཐའེ་ཝན་གྱི་བདེ་འཇགས་དང་། སྟོབས་ལྡན་རྒྱལ་ཁབ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༧ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་༡ ཚེས་༡༣ ཉིན་ཐའེ་ཝན་ནང་དུ་སྲིད་འཛིན་གྱི་འོས་བསྡུ་ཡིན་འདུག་པ་དང་། ཐའེ་ཝན་ནང་གི་འོས་བསྡུ་ཐོག་མ་དེ་ཕྱི་ལོ་༡༩༩༦ ལོར་བྱས་ཡོད་འདུག་ཅིང་། འདི་ལོའི་འོས་བསྡུ་དེ་འོས་བསྡུ་གཞན་ལས་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་འདུག རྒྱུ་མཚན་ནི་ད་ཆར་གོ་ལའི་ཆབ་སྲིད་འཕོ་འགྱུར་ཁྲོད་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཨ་རྒྱ་གཉིས་ཀྱི་བར་རྩོད་རྙོག་ཆེན་པོ་འབྱུང་གི་ཡོད་འདུག་པ་དང་། རྒྱ་ནག་གིས་ཐའེ་ཝན་ནི་རྒྱ་ནག་ནས་ཁ་བྲལ་བའི་ཞིང་ཆེན་ཞིག་ཡིན་པས། ཐའེ་ཝན་རྒྱ་ནག་ལས་ལོགས་སུ་རང་བཙན་བྱས་ནས་སྡོད་ཆོག་གི་མེད་རྗོད་ཀྱི་ཡོད་ཀྱང་། ད་ལྟའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་(William Lai Ching-te)ཟེར་བ་ཡིས། ཁོང་ནི་ཐའེ་ཝན་གྱི་རང་བཙན་ལ་འདོད་མོས་ཡོད་མཁན་ཞིག་ཡིན་པར་རྗོད་ཀྱི་ཡོད་འདུག་པར་བརྟེན། རྒྱ་ནག་གིས་ཐའེ་ཝན་ནི་རྒྱ་ནག་གི་ས་ཁུལ་ཞིག་ཡིན་པས། གང་མགྱོགས་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུ་ཡིན་ཞེས་འཇིགས་བསྐུལ་ཡང་ཡང་བྱེད་ཀྱི་ཡོད་འདུག

ཐེངས་འདིའི་འོས་བསྡུའི་ནང་སྲིད་དོན་ཚོགས་པ་གསུམ་གྱི་འོས་མི་ཡོད་འདུག་པ་དང་། དེ་ཡང་ད་ལྟའི་གཞུང་འཛིན་ཚོགས་པའི་སྲིད་འཛིན་གཞོན་པ་(William Lai Ching-te)་ཟེར་བ་ཁོང་དང་། གོ་མིན་ཏང་སྲིད་དོན་ཚོགས་པའི་འོས་མི(Hou Yu-ih)ཟེ། གཞན་ཐའེ་ཝན་མི་མང་གི་སྲིད་དོན་ཚོགས་པའི་འོས་མི་(Ko Wen-je)ཟེར་བ་བཅས་གསུམ་ཡིན་འདུག ད་ལྟའི་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་དང་སྲིད་འཛིན་གཞོན་པ་ཁོང་ནི་རང་ལོ་༦༤ ཡིན་འདུག་ལ། ཁོང་རང་ལོ་༢ ཡིན་དུས་ཁོང་གི་ཕ་འདས་གྲོངས་སུ་གྱུར་ཡོད་འདུག དེ་རྗེས་ཁོང་གི་ཨ་མས་བུ་ཕྲུག་༦ གསོ་སྐྱོང་གནང་ནས་ཕྱིས་སུ་ཁོང་ཨ་རིའི་ནང་ཧ་ཝལ་གཙུག་ལག་སློབ་ཆེན་ནང་སྨན་པའི་སློབ་སྦྱོང་བྱས་རྗེས་༡༩༩༠ ཙམ་ལ་ཐའེ་ཝན་དུ་ཕྱིར་ལོག་ཡོད་འདུག་པ་དང་། ཁོང་ཕྱི་ལོ་༢༠༡༠ ནས་༢༠༡༤ བར་(Tainan)ཟེར་བའི་གྲོང་ཁྱེར་གྱི་སྤྱི་ཁྱབ་བྱེད་མྱོང་ཡོད་འདུག དེ་རྗེས་ཕྱི་ལོ་༢༠༡༧ ནས་༢༠༡༩ བར་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གཞོན་པ་དང་། དེའི་རྗེས་དུས་ཐུང་རིང་དགོངས་ཞུ་བྱས་ཏེ་སླར་ཡང་༢༠༢༠ ནས་ད་བར་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གཞོན་པ་བྱེད་བཞིན་ཡོད་འདུག ཁོང་གིས་བརྗོད་དོན་ལ་ཐའེ་ཝན་གྱི་རེ་བ་ལ་ཐའེ་ཝན་དང་རྒྱ་ནག་ལྷན་དུ་གྲོགས་པོ་བྱེད་འདོད་ཡོད་པ་ལས་དགྲ་ནམ་ཡང་བྱེད་འདོད་མེད། ང་ཚོ་གྲོགས་པོ་བྱེད་ཐུབ་པ་ཞིག་རེད་ལ། ང་ཚོས་རྒྱ་ནག་རང་དབང་དང་དམངས་གཙོ་ལྡན་པའི་རྒྱལ་ཁབ་གཅིག་ཆགས་པ་མཐོང་འདོད་འདུག་ཅེས་བརྗོད་ཡོད་འདུག
དེ་བཞིན་གོ་མིན་ཏང་སྲིད་དོན་ཚོགས་པའི་འོས་མི་(Hou Yu-ih)ཟེར་བ་ནི་ད་ལྟ་རང་ལོ་༦༦ ཡིན་འདུག་པ་དང་། ཁོང་ནི་ཉེན་རྟོག་པ་ཞིག་ཡིན་འདུག ཕྱི་ལོ་༢༠༡༠ ལོར་ཐའེ་པེ(Taipei)་ཁོང་གྲོང་ཁྱེར་སྤྱི་ཁྱབ་པ་བྱེད་མྱོང་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༨ ལོར་བསྐྱར་དུ་འོས་ཐོབ་ནས་གྲོང་ཁྱེར་སྤྱི་ཁྱབ་བྱས་འདུག ཁོང་གི་ལངས་ཕྱོགས་ནི་ཐའེ་ཝན་གྱི་རང་བཙན་ལ་ངོ་རྒོལ་བྱེད་མཁན་ཞིག་དང་རྒྱ་ནག་དང་འབྲེལ་བ་བཟང་དུ་གཏོང་འདོད་ཡོད་མཁན་ཞིག་ཡིན་འདུག
ཐའེ་ཝན་མི་མང་སྲིད་དོན་ཚོགས་པའི་འོས་མི་(Ko Wen-je )ཟེར་བ་ནི་རང་ལོ་༦༤ ཡིན་འདུག་པ་དང་། ཁོང་ཡང་སྨན་པ་ཞིག་ཡིན་འདུག ཕྱིས་སུ་ཐའེ་པེ་(Taipei)གྲོང་ཁྱེར་གྱི་སྤྱི་ཁྱབ་བྱེད་མྱོང་ཡོད་འདུག ཕྱི་ལོ་༢༠༡༩ ལོར་ཁོང་གིས་ཐའེ་ཝན་མི་མང་སྲིད་དོན་ཚོགས་ཟེར་བ་དེ་གསར་འཛུགས་བྱས་ཡོད་འདུག་ལ། ཕྱི་ལོ་༢༠༢༠ ལོར་སྲིད་དོན་ཚོགས་པ་དེར་ཐའེ་ཝན་གྱི་གྲོས་ཚོགས་ནང་རྐུབ་བཀྱག་༡༡༣ ཐོབ་ནས་ཐའེ་ཝན་ནང་དུ་སྲིད་དོན་ཚོགས་པ་ཆེ་ཤོས་གསུམ་པ་དེ་གྱུར་ཡོད་འདུག ཁོང་གིས་བརྗོད་དོན་ལ་ཁོང་ནི་ད་ཐེངས་ཀྱི་འོས་བསྡུའི་ཁྲོད་འོས་མི་རན་ཤོས་དེ་ཡིན་པ་དང་། རྒྱུ་མཚན་ནི་ཁོང་གི་ལངས་ཕྱོགས་ནི་འོས་མི་གཞན་གཉིས་ཀྱི་ལངས་ཕྱོགས་ལས་ལྡོག་སྟེ་བར་གནས་བྱེད་མཁན་དེ་ཡིན་པར་བརྗོད་འདུག
མདོར་ན་ཐེངས་འདིའི་འོས་བསྡུ་དེ་ཐའེ་ཝན་ལ་གལ་ཆེན་པོ་ཡིན་པ་མ་ཟད་། རྒྱལ་སྤྱིའི་ཆབ་སྲིད་ཁྲོད་ཧ་ཅང་གལ་ཆེན་ཡིན་པར་རྗོད་བཞིན་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།