ཨ་རིའི་མཚོ་དམག་གི་གྲུ་པ་ཞིག་རྒྱ་ནག་གི་གསང་མྱུལ་ཡིན་པ་ཤེས་ཏེ་ཁོ་ལ་ལོ་གཉིས་རིང་གི་བཙོན་འཇུག་ཐག་ཆོད་བྱས་འདུག
ཟླ་འདིའི་ཚེས་༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་མཚོ་དམག་གི་གྲུ་པ་ཞིག་གིས་རྒྱ་ནག་ལ་ཚོར་བ་སྐྱེན་པའི་དམག་དོན་གནས་ཚུལ་མཁོ་འདོན་བྱས་ཡོད་འདུགས་པས་མི་དེར་ལོ་ངོ་གཉིས་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༨ ཉིན་ཨ་རིའི་ཁྲིམས་ཞིབ་ལས་ཁུངས་(Justice Department) ་ཀྱིས་ཨ་རིའི་མཚོ་དམག་གི་གྲུ་པ་ཞིག་གིས་རྒྱ་ནག་གི་གསང་བའི་མི་སྣ་ལ་ཚོར་བ་སྐྱེན་པའི་དམག་དོན་གནས་ཚུལ་མཁོ་འདོན་བྱས་ཡོད་པ་ཁས་ལེན་བྱས་ཡོད་པ་དང་ཁོ་ལ་ལོ་ངོ་གཉིས་རིང་བཙོན་འཇུག་གི་ཉེས་ཆད་ཁྲིམས་ཐག་བཅད་ཡོད་ཅེས་བརྗོད་འདུག
ལོ་ན་༢༦ ལ་སོན་པའི་མིང་ལ་ཝན་ཧེང་ཀྲའོ་ཟེར་བ་ཞིག་དང་ཅིན་ཁྲའོ་ཝེ་ཟེར་བ་གཉིས་ཀྱིས་རྒྱ་ནག་གི་དོན་དུ་གསང་མྱུལ་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག་སྔ་ལོའི་ཕྱི་ཟླ་བརྒྱད་པའི་ནང་འཛིན་བཟུང་བྱས་ཡོད་འདུག
ཝན་ཧེང་ཀྲའོ་ནི་རྒྱ་ནག་ཏུ་སྐྱེས་ཤིང་ཕྱི་ལོ་༢༠༠༩ ལོར་རི་ལ་གནས་སྤོས་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༢ ལོར་ཨ་རིའི་མི་སེར་དུ་གྱུར་ནས་ལོ་ངོ་ལྔ་ཕྱིན་རྗེས་མཚོ་དམག་ནང་ཞུགས་ཡོད་འདུག
ཨ་རིིའི་གཞུང་གིས་བརྗོད་གསལ་ལྟར་ན། ཝན་ཧེང་ཀྲའོ་ནི་ཨ་རིའི་མངའ་སྡེ་ལོ་སི་ཨན་ཇི་ལེ་སིའི(Los Angeles) ་ཡི་བྱང་ཕྱོགས་སུ་ཡོད་པའི་མཚོ་དམག་གི་རྟེན་གཞི་ནས་ཡིན་པ་དང་། ཁོས་ཕྱི་ལོ་༢༠༢༡ ཟླ་༨ ནས་ཕྱི་ལོ་༢༠༢༣ ལོའི་ཟླ་༥ པའི་བར་རྒྱ་ནག་གི་གསང་བའི་མི་སྣའི་རྩ་ནས་ཨ་སྒོར་$༡༥༠༠༠ བླངས་ནས་ཨ་རིའི་མཚོ་དམག་གི་དམག་འཐབ་བདེ་འཇགས་དང་། དམག་སྦྱོང་དང་གལ་འགངས་ཅན་གྱི་རྨང་གཞིའི་འཛུགས་སྐྲུན། ལྷག་པར་དུ་ཞི་བདེ་རྒྱ་མཚོ་ཆེན་པོའི་ཐོག་གཞི་ཁྱོན་ཆེ་བའི་མཚོ་ཐོག་དམག་སྦྱོང་གི་གནས་ཚུལ་སོགས་ཚོར་བ་སྐྱེན་པའི་གནས་ཚུལ་ཁག་ཅིག་རྒྱ་ནག་གི་གསང་བའི་མི་སྣ་ལ་མཁོ་འདོན་བྱས་ཡོད་འདུག
ད་ལྟའི་ཆར་འབྲེལ་ཡོད་ལས་བྱེད་ཚོས་དཔལ་འབྱོར་གྱི་རྒྱུ་རྐྱེན་ཕུད་ཁོས་གསང་བ་ཕྱིར་བསྒྲགས་བྱས་པའི་ཀུན་སློང་མཁོ་འདོན་བྱས་མེད་པ་དང་། ཁོ་ལ་མང་ན་ལོ་ངོ་༢༠ ཡི་བཙོན་འཇུག་བྱེད་སྲིད་པ་ཡིན་འདུག
གཞན་ཡང་སྔ་ལོའི་ཕྱི་ཟླ་བརྒྱད་པའི་ནང་ལོ་ན་༢༢ ལ་སོན་པའི་ཅིན་ཁྲའོ་ཝེ་ཟེར་བ་ཞིག་ལ་ཡང་གསང་མྱུལ་གྱི་མིང་ཐོག་ནས་འཛིན་བཟུང་བྱས་ཡོད་འདུག ཁོས་རྒྱ་ནག་གི་གསང་བའི་མི་སྣ་ལ་ཨ་རིའི་གྲུ་གཟིངས་དང་དེའི་མ་ལག་བཀོལ་སྤྱོད་བྱེད་སྟངས་སྐོར་གྱི་པར་དང་བརྙན། དེ་བཞིན་ཡིག་ཆ་མང་དག་ཅིག་སྤྲད་ཡོད་པར་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།