༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་ཐའེ་ཝན་བདམས་ཐོན་སྲིད་འཛིན་ལ་འཚམས་འདྲི་ཞུས། 

ཕྱི་ལོ་༢༠༢༤ ཟླ་བ་ ༠༡ ཚེས་ ༡༣ ཉིན་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་བཅས་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་སུ་ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལ་རྒྱལ་ཁ་ཐོབ་པར་བརྟེན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་བཅས་ནས་ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་བདམས་ཐོན་སྲིད་འཛིན་ལའེ་ཆིང་ཏི་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚམས་འཕྲིན་ནང་དུ། ཐའེ་ཝན་ནང་གི་མང་གཙོའི་ལམ་ལུགས་ལག་ལེན་བསྟར་སྟངས་དེར་རང་དབང་དང་ཆེ་མཐོང་ལྡན་པའི་འཚོ་བ་རོལ་འདོད་པའི་ང་ཚོ་ཚང་མར་སེམས་ཤུགས་སྤེལ་བའི་གཞི་རྩ་ཞིག་ཆགས་ཡོད་པ་དང་།  མགོན་པོ་གང་ཉིད་ཐའེ་ཝན་དུ་ཕེབས་སྐབས་མང་གཙོའི་ལམ་ལུགས་ཀྱི་རྩ་བ་བརྟན་པོ་ཚུགས་ཡོད་པར་གཟིགས་པའི་སྐོར། དེ་བཞིན་ཐའེ་ཝན་མི་མང་གིས་མང་གཙོའི་ལམ་ལུགས་བརྟན་པོ་ཞིག་དར་སྤེལ་བཏང་ཞིང་། ཤེས་དཔལ་གཉིས་ཀྱི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དང་། སྲོལ་རྒྱུན་གྱི་རིག་གཞུང་ཕུན་སུམ་ཚོགས་པ་དེ་ཡང་རྒྱུན་འཛིན་བྱས་པར་བསྔགས་བརྗོད་གནང་ཐོག ཐའེ་ཝན་གྱི་ནང་པ་ཚོས་སངས་རྒྱས་ཀྱི་ཆོས་ལ་དད་སེམས་ཆེ་བ་དེར་ཡིད་སྨོན་དང་། རྗེས་ཕྱོགས་སུ་མགོན་པོ་གང་གིས་ཁོང་ཚོའི་རེ་འདུན་བཞིན་ཆོས་འབྲེལ་གནང་རྒྱུ་སོགས་ལ་འབད་བརྩོན་གནང་གི་ཡོད་པར་གསུངས་པ་མ་ཟད། ཐའེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་བ་བཟང་པོ་འཛིན་པ་དང་། གྲོས་མོལ་གྱི་ལམ་ནས་དཀའ་རྙོག་རྣམས་སེལ་ཐབས་བྱེད་རྒྱུ་གལ་ཆེ་བའི་སྐོར་སོགས་བཀའ་བསྩལ་འདུག
དེ་བཞིན་འདི་ཟླའི་ཚེས་༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་ཚེ་རིང་གིས། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་གི་ཡོད་པར་གསུངས་པ་དང་སྦྲགས།
ལའེ་ཆིང་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དེ་ནི་ཐའེ་ཝན་མི་མང་གིས་མང་གཙོ་དང་རང་དབང་གི་ལམ་སྲོལ་ལ་དགའ་མོས་བྱེད་ཀྱི་ཡོད་པའི་དཔང་རྟགས་གསལ་པོ་ཡིན་སྐོར་དང་། དེ་བཞིན་སྲིད་འཛིན་ཚའེ་ཡེང་ཝན་གྱི་དབུ་ཁྲིད་འོག་ཐའེ་ཝན་གྱི་མང་གཙོའི་རིན་ཐང་སྲུང་སྐྱོབ་དང་ཁེ་ཕན་བརྟན་སྲུང་གནང་ཚུལ། དེ་བཞིན་བོད་དང་ཐའེ་ཝན་བར་གྱི་དེ་སྔའི་འབྲེལ་བ་དང་དེ་ཡི་གལ་ཆེའི་རང་བཞིན་སོགས་ཀྱི་སྐོར་གསུངས་འདུག
གཞན་ཡང་ཟླ་འདིའི་ཚེས་ ༡༥ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཐའེ་ཝན་གྱི་བདམས་ཐོན་སྲིད་འཛིན་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་ཞིང་། མུ་མཐུད་འཚམས་འཕྲིན་ནང་དུ། ཐའེ་ཝན་གཞུང་མང་གཉིས་ནས་དུས་རྟག་ཏུ་མང་གཙོའི་རིན་ཐང་གོང་སྤེལ་གཏོང་བའི་སྣེ་ཁྲིད་གནང་ཚུལ་དང་། ཐེངས་འདིའི་འོས་བསྡུས་ཐའེ་ཝན་མང་ཚོགས་ནས་མང་གཙོའི་ཆེད་དུ་དམ་བཅའ་བརྟན་པོ་ཡོད་པ་བསྐྱར་དུ་གསལ་སྟོན་གནང་ཡོད་པ། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་སྐོར་དང་འབྲེལ་དང་བོད་དང་ཐའེ་ཝན་བར་གྱི་འབྲེལ་ལམ་སྔར་ལྷག་གོང་འཐོར་གཏོང་རྒྱུ་སོགས་ཀྱི་སྐོར་འཁོད་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།