རི་གྲོང་འདི་ན་ཐམས་ཅད་ཡོད།

རང་གི་ལྟོ་གོས་ཙམ་གྱི་ཆེད་དུ་ནི།

རང་གི་ཁྱིམ་རྒྱུད་དགྲ་བོའི་ལག་ཏུ་བཞག

རང་ཤ་ཟ་བའི་ཉེས་མ་མགོ་གཉིས་ཡང་།

དྷ་རམ་ས་ལའི་རི་གྲོང་འདི་ན་ཡོད།

རང་ཉིད་གང་འདྲ་ཞིག་ལ་འཕྲད་ན་ཡང་།

རང་བཙན་གཙང་མའི་དོན་དུ་རང་སྲོག་ཀྱང་།

བློས་བཏང་ཕོད་པའི་དབའ་བོ་དབའ་མོ་ཡང་།

དྷ་རམ་ས་ལའི་རི་གྲོང་འདི་ན་ཡོད།

རྒྱུན་དུ་རང་ཉིད་ཁོ་ན་མ་གཏོགས་པའི།

གཞན་གྱི་ཡོན་ཏན་མཐོང་ན་མི་འདོད་པའི།

ང་རྒྱལ་ཕུང་དཀྲུག་བྱེད་པའི་བླུན་རྨོངས་ཡང་།

དྷ་རམ་ས་ལའི་རི་གྲོང་འདི་ན་ཡོད།

ཉིན་མཚན་བར་མེད་རང་གི་རིག་གཞུང་ཆེད།

འཆད་རྩོད་རྩོམ་པའི་བྱ་བ་ལྷུར་ལེན་ཞིང་།

བདེན་དོན་སྨྱུག་རྩེས་ལེན་པའི་མཁས་དབང་ཡང་།

དྷ་རམ་ས་ལའི་རི་གྲོང་འདི་ན་ཡོད།

ཟས་གཙང་སྲས་པོའི་བསྟན་ལ་སྐུར་འདེབས་བྱས།

མེས་པོ་གོང་མས་མ་ཐོན་མ་འགྲིགས་ཟེར།

ཐམས་ཆད་ལོག་པར་འཛིན་པའི་ལྟ་ལོག་ཡང་།

དྷ་རམ་ས་ལའི་རི་གྲོང་འདི་ན་ཡོད།

བོད་ནས་ཐོག་མར་གསར་དུ་འབྱོར་བའི་ཚེ།

སྐད་དང་ཟས་ལ་གོམས་པ་མེད་པའི་སྐབས།

མ་རིག་ལམ་སྟོན་བྱེད་པའི་བསམ་དཀར་ཡང།་

དྷ་རམ་ས་ལའི་རི་གྲོང་འདི་ན་ཡོད།

གསར་འབྱོར་ཟེར་ནས་མཐོང་ཆུང་ཁྱད་གསོད་བྱེད།

ལག་ནས་སྒོར་ལ་ཧམ་སེམས་ཆེ་བ་ཡི།

ཁང་བརྩེགས་མང་པོར་དབང་བས་ཕྱུག་པོ་ཡང་།

དྷ་རམ་ས་ལའི་རི་གྲོང་འདི་ན་ཡོད།

མི་ཚེ་ཕྱེད་ག་བོད་ཀྱི་བདེན་དོན་ཆེད།

བཙོན་དུ་བཞུགས་ནས་དཀའ་སྡུག་སྣ་ཚོག་མྱངས།

སྙིང་སྟོབས་ཞུམ་མེད་ཆབ་སྲིད་བཙོན་པ་ཡང།་

དྷ་རམ་ས་ལའི་རི་གྲོང་འདི་ན་ཡོད།

དུས་ཀུན་ནུབ་ཕྱོགས་འབའ་ཞིག་སེམས་སུ་བཅང་།

རིག་ལོ་ཁྱད་མེད་གཉེན་འགྲིག་བྱེད་ཆོག་པའི།

ཡོད་ཚད་སྒོར་ལ་བཅོལ་བས་ཅོལ་ཆུང་ཡང་།

དྷ་རམ་ས་ལའི་རི་གྲོང་འདི་ན་ཡོད།

མདོར་ན་བཟང་ངན་ལས་ཀྱི་སྣང་བ་ཀུན།

ཐམས་ཅད་ཚང་བ་དྷ་རམ་ས་ལ་འདྲ།

མེད་ཅེས་སྔོན་བྱོན་མཁས་པས་མ་གསུངས་ཀྱང་།

དེ་རིང་བླུན་པོ་བདག་གིས་མྱངས་བས་ཤེས།