༈ མི་རིགས་ཀྱི་སེམས་ངོགས་སུ་འཁྱིལ་བའི་འོད་ཀྱི་ཐིག་ལེ།
ཞལ་ལ་བསྙད་པའི་མུ་ཅོར་གཏམ་གྱིས་གདོང་དམར་སེམས་ལ་རུས་གཟེར་སློང་།
ལོག་སྤྱོད་དྲག་པོའི་སྟོབས་ཀྱིས་མ་ཐུལ་འཇིག་རྟེན་མིག་གི་མཚེར་ས་རུ།།
ཁྱེད་ནི་བདེན་པའི་འོད་སྣང་ཞིག་དང་སེམས་པ་གསོ་བའི་དྲོད་ཐིགས་ཤིག།
ཆོ་ལོ་སྟོང་གི་མཚན་སྙན་ཕུལ་དུས་འཛམ་བུའི་མཐོངས་ནས་ཉི་མ་ཞིག།
དེང་རབས་སྒྲོན་མེ་འོད་དུ་འཚེར་དུས་ཆོས་ལུགས་སྣ་ཚོགས་ཁ་དོག་རྒོད།།
རིག་པས་སྤོར་བའི་རྟེན་འབྱུང་གཏམ་གྱིས་སྣང་བ་གསར་པའི་གྲོགས་སུ་འཁྱུད།།
ཟུང་འབྲེལ་སྣང་བ་ས་ཆེན་སྒྲོན་དུས་འཇིག་རྟེན་མིག་གི་ལྟད་མོ་རུ།།
རི་མོ་མིན་པའི་གནས་ལུགས་འདི་ཡིས་སྐལ་ངན་བོད་ལ་འོད་གོར་བཟོས།།
དུས་རབས་མཛེས་མའི་གདོང་ཁར་ཅེར་ཏེ་ཡོད་ཚད་ར་རོར་གྱུར་པའི་ཚེ།
མི་གཤིས་སྟོར་བའི་མི་བུ་སྟོང་གིས་ཡབ་མེས་མཚན་སྙན་སྟུང་བའི་ཉིན།།
མིག་ཆུས་རློན་པའི་སྙིང་གཏམ་རྗེན་པ་རི་ལུང་བྲག་གསུམ་ཆུ་བཞིན་བཤར།།
རིགས་འདུས་ཚོགས་ལ་ངོ་སོ་མེད་པར་ཆག་སྒོ་ཕུང་པོའི་མཇུག་མ་སྲིངས།།
མེ་སྒྱོགས་སྒྲ་ཡིས་གོ་ལ་དཀྲོག་དུས་འཛམ་བུའི་མཐོངས་ན་ཨག་སྐད་འཐེན །།
ཐལ་མོ་སྟོང་གི་ངོ་སོ་སློང་སྟེ་གཞན་གྱི་སྒོ་འགྲམ་ལོ་རྒྱུས་སྲོང་།།
ངལ་གསོ་མེད་ཅིང་གཞན་དབང་སྙི་ནས་འོ་བརྒྱལ་མཚན་མ་བཞིན་ལ་ཤར།།
རིག་པ་ཐོགས་པའི་མི་བུ་དག་གི་སེམས་ཀྱི་བྲེད་ཤ་རླུང་ལས་རྒོད།།
གཏན་ཚིགས་གཏམ་གྱིས་ས་ཆེན་བསྙེག་དུས་འཇིག་རྟེན་གྲགས་པའི་རྣམ་བཤད་རྩོམ།།
དེང་རབས་རིག་འཕྲུལ་ཁ་ལོར་རྩེན་དུས་སྔོན་ཐོན་ལོ་རྒྱུས་དཔང་དུ་བཞག།
རིག་གསར་བརྡར་བས་མེ་ལྕེ་འབར་དུས་རྟེན་འབྲེལ་གཏམ་གྱིས་རླུང་གཡབ་བཏེགས།།
སྒྱུ་མའི་གྲོང་ནས་འཇིག་རྟེན་མིག་ལ་བདེན་རྫུན་རིག་པའི་ས་མཚམས་བཀར།།
བྲག་ཅལ་གྲོང་ལ་ཤུགས་ཀྱིས་འབོད་ཀྱང་མིག་སྣ་ཡོད་ཚད་གཉིད་ལ་ཐེབས།།
ཞི་བདེའི་དར་ཆེན་མཁའ་རུ་བསྒྲེང་དུས་འབྲེལ་མེད་དཔུང་གིས་ངོ་སོར་བསྟོད།།
རིག་པའི་མིག་གིས་ཁྱོད་ཉིད་འཚོལ་ཏེ་སྟོང་གསུམ་སྣང་བའི་མཚན་སྙན་འཐོབ།།
ཞི་བདེའི་དེད་དཔོན་སྙིང་གི་འབོད་པས་གནམ་བསྟན་སྐྱེ་བོའི་སྐལ་བ་རྨད།།
སྨུག་པའི་བྱིང་ནས་ཁ་མིག་གཏད་པའི་རྣ་ཅོག་སྟོང་གི་མཐོང་ལམ་བཀག།
སེམས་གཤིས་རི་མོ་འགྲེམ་ཐེངས་ཤིག་གིས་མེ་ཏོག་ཕོན་པོས་ཞལ་ཁྱིམ་སྒྲིབ།།
ཐུགས་ཀྱི་མིག་ཟུང་སྲིངས་ཐེངས་ཤིག་གིས་མང་གཙོའི་བཅའ་ཁྲིམས་ཤུབ་ཤུབ་སྐྱོར།།
འདོད་རྒུ་ནོར་གྱི་ངོ་སོར་ཆོད་དུས་རིག་པའི་བུ་ལ་རེ་བ་འཁྲེང་།
