ཕྱི་ལོ་༢༠༢༣ ལོར་རྒྱ་ནག་གི་མི་འབོར་ས་ཡ་༢.༠༨ ཙམ་མར་ཆག་འདུག

ཟླ་འདིའི་ཚེས་༡༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་སྔོན་མ་དང་བསྡུར་ན་ཕྱི་ལོ་༢༠༢༣ ལོར་རྒྱ་ནག་གི་མི་འབོར་ཆག་ཡོད་པའི་གནས་ཚུལ་ཐོན་འདུག

(པར། The Hindu)

ཟླ་འདིའི་ཚེས་༡༧ ་ཉིན་ཕྱིར་བསྒྲགས་བྱས་པའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་གྱི་གཞུང་འབྲེལ་སྙན་ཐོ་ལྟར་ན། ཕྱི་ལོ་༢༠༢༣ ལོར་རྒྱ་ནག་གི་མི་འབོར་དེ་ས་ཡ་༡,༤༠༩,༦༧ བར་མར་ཆག་ཡོད་པ་དང་། འདས་པའི་ལོ་ངོ་གཅིག་གི་རིང་རྒྱ་ནག་ནང་མི་འབོར་ས་ཡ་༢.༠༨ མར་ཆག་ཡོད་འདུག ཕྱི་ལོ་༡༩༦༠ ནས་ཕྱི་ལོ་༢༠༢༢ བར་རྒྱ་ནག་གི་མི་འབོར་མུ་མཐུད་འཕར་ཡོད་ན་ཡང་། ཕྱི་ལོ་༢༠༢༢ ལོར་རྒྱ་ནག་གི་མི་འབོར་༨༥༠,༠༠༠ མར་ཆག་ནས་ལོ་རྒྱུས་ཐོག་མི་འབོར་མར་ཆག་པའི་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་པ་མ་ཟད། འཛམ་གླིང་ཐོག་མི་འབོར་མང་ཤོས་ཨང་དང་པོ་ནས་ཨང་གཉིས་པའི་ཐོག་མར་ཟག་ཡོད་འདུག ཕྱི་ལོ་༢༠༢༢ དང་བསྡུར་ན་ཕྱི་ལོ་༢༠༢༣ ལོར་རྒྱ་ནག་གི་མི་འབོར་དེ་བས་ཉུང་དུ་ཕྱིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཕྲུ་གུ་སྐྱེ་མཁན་ཚོ་ལ་འཚོ་སྣོན་རོགས་དངུལ་སྤྲད་པ་སོགས་ཀྱིས་དཀའ་ངལ་དེ་ལས་ཐར་ཐབས་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༧༩ ལོ་ནས་ལག་བསྟར་བྱས་པའི་ཕ་མ་གཉིས་ལ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་དེ་འགྱུར་བ་བཏང་སྟེ། ཕྱི་ལོ་༢༠༡༦ ལོར་ཕ་མ་གཉིས་ལ་ཕྲུ་གུ་གཉིས་སྐྱེ་ཆོག་པ་བཟོས་ཡོད་ལ། ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གཞུང་གིས་ཕ་མ་གཉིས་ལ་ཕྲུ་གུ་གསུམ་སྐྱེ་ཆོག་པ་བཟོས་ཡོད་པ་མ་ཟད། ཕྲུ་གུ་སྐྱེ་མཁན་ཚོ་ལ་སྒོར་མོ་སྤྲད་པ་དང་ཁྲལ་ཆག་ཡང་བཏང་བ་སོགས་གཉེན་སྒྲིག་ཟིན་པའི་བཟའ་མི་རྣམས་ལ་བྱིས་པ་མང་ཙམ་སྐྱེ་དགོས་པའི་སྐུལ་མ་གཏོང་འགོ་བརྩམས་ཡོད། ཡིན་ན་ཡང་། ཉེ་བའི་ལོ་ཤས་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་ཕྱིན་པ་དང་ལྷག་པར་དུ་ཕྲུ་གུ་གསོ་སྐྱོང་གི་ཐོག་ལ་འགྲོ་སོང་ཆེ་བ། ནད་ཡམས་ཀྱི་རྐྱེན་གྱིས་འདས་གྲོངས་སུ་འགྱུར་མཁན་མང་བ། དེ་བཞིན་གཞོན་སྐྱེས་ལས་མེད་མང་བ་བཅས་ཀྱིས་ཁོང་ཚོས་གཉེན་སྒྲིག་བྱས་ནས་ཁྱིམ་ཚང་འཛིན་འདོད་བྱེད་ཀྱི་མེད་པར་བརྟེན། རྒྱ་ནག་གིས་སྲིད་བྱུས་ལ་འགྱུར་བ་བཏང་རུང་ཕན་འབྲས་གང་ཡང་བྱུང་མེད་པ་རེད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དུས་ཡུན་རིང་པོའི་ནང་རྒྱ་ཆེའི་ངལ་རྩོལ་ནུས་ཤུགས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཡོད་ཀྱང་། མི་འབོར་ཉུང་དུ་ཕྱིན་པ་དང་བསྟུན། དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་འཕྲད་སྲིད་པ་དང་། ལྷག་པར་དུ་རྒྱ་ནག་ནང་ལས་འཁྱུར་ངལ་གསོ་རྒྱག་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་༢༠༣༥ ལ་སླེབ་དུས་རྒྱ་ནག་གི་ངལ་གསོ་རྒྱག་མཁན་གྱི་གྲངས་འབོར་ནི་ས་ཡ་༤༠༠ ཟིན་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག གྲངས་འབོར་དེ་ནི་ཨ་རི་རྒྱལ་ཡོངས་ཀྱི་མི་འབོར་ལས་མང་བས་རྒྱ་ནག་གི་འཕྲོད་བསྟེན་ལྟ་སྐྱོང་དང་བགྲེས་ཕོགས་སྤྲད་སྲོལ་ཐོག་གནོན་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།