རྒྱ་གཞུང་ལ་འགྲམ་ལྕག་གཞུས་པ་རེད།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༡)
ཕྱི་ལོ་༢༠༢༤ ཟླ་༡ ཚེས་༡༣ ཉིན་ཐའེ་ཝན་གྱི་འོས་བསྡུ་ཆེན་མོ་བྱས་པ་དང་། སྐབས་དེར་མང་གཙོ་ཡར་ཐོན་ཚོགས་པར་རྒྱབ་སྐྱོར་ཆེན་པོ་ཐོབ་ནས་མུ་མཐུད་ཐའེ་ཝན་རྒྱལ་ཁབ་ཀྱི་སྲིད་གཞུང་འཛིན་མཁན་དུ་གྱུར་པ་རེད། རྒྱ་དམར་གཞུང་གིས་ཐའེ་ཝན་མི་མང་ལ་འཇིགས་སྐུལ་དང་གནོན་ཤུགས་ཚབས་ཆེན་སྤྲད་པ་དང་། ཕྱི་ལོ་༡༩༩༧ ལོར་ཧོང་ཀོང་རྒྱ་ནག་གི་མངའ་ཁོངས་སུ་འཛུལ་ནས་ད་བར་མི་ལོ་༢༦ ཙམ་ཕྱིན་པའི་རིང་ཧོང་ཀོང་མི་མང་གི་རང་དབང་ལ་དོ་ཕོག་ག་ཚོད་ཙམ་བཏང་ཡོད་པ་དེ། ཐའེ་ཝན་མི་མང་གིས་བལྟ་ཆོག་ཆོག་གི་མེ་ལོང་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་ཐའེ་ཝན་མི་མང་དཔལ་འབྱོར་དང་ཤེས་ཡོན་གང་ཐད་ནས་ཚད་མཐོར་སླེབས་ཡོད་པས། རང་ཉིད་ཀྱི་དགོས་མཁོ་དང་ཁེ་ཕན་ཁོ་ནར་གཞིགས་ནས་ཐག་གཅོད་ཐུབ་པ་ནི། ད་ལྟའི་འོས་བསྡུ་འདིའི་མཇུག་འབྲས་ལ་བལྟས་ན་རྟོགས་ཐུབ། ད་ལན་ཐག་གཅོད་འདི་ལ་བརྟེན་ནས་འཛམ་གླིང་གི་ཁ་ཕྱོགས་ལ་འགྱུར་བ་ཐེབས་སྲིད་པ་དང་། ཐའེ་ཝན་མི་མང་གིས་རྒྱ་དམར་གཞུང་ལ་འགྲམ་ལྕག་ཚ་པོ་ཞིག་གཞུས་པ་རེད།
ཐའེ་ཝན་ནི་རྒྱ་དམར་གཞུང་གིས་ཧམ་ཤེད་ཁོ་ན་ལ་བརྟེན་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་བརྗོད་པ་ཙམ་ལས། དོན་དམ་པར་ཕྱི་འབྲེལ་དང་ནང་སྲིད། དམག་དོན། གོ་མཚོན་སོགས་གང་ཐད་ནས་མཐུན་རྐྱེན་ཚང་བའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ས་ཁམས་ཀྱི་ཐོག་ནས་ཐའེ་ཝན་མཚོ་གླིང་ནི་རྒྱལ་ཁབ་གཞན་སུ་གཅིག་དང་ས་འབྲེལ་གང་ཡང་མེད། དཔལ་འབྱོར་གྱི་ཐོག་ནས་སྟོབས་ཆེན་གྱི་གྲས་ཡིན་པས་ཐའེ་ཝན་ནི་ལས་སླ་བོའི་ཐོག་ནས་བཙན་འཛུལ་དང་བཙན་བཟུང་བྱེད་ཆོག་ཆོག་ཅིག་གཏན་ནས་མིན། ཐའེ་ཝན་མི་མང་གིས་བསྟུད་མར་ཐེངས་གསུམ་ལ་ཐའེ་རང་བཙན་གྱི་ངོ་བོར་མུ་མཐུད་གནས་དགོས་པའི་ལངས་ཕྱོགས་འཛིན་མཁན་མང་གཙོ་ཡར་ཐོན་ཚོགས་པར་རྒྱབ་སྐྱོར་བྱས་པ་དེའི་ཐོག་ནས་ཐའེ་ཝན་མི་མང་གི་མངོན་འདོད་མཐོང་ཐུབ་པ་དང་། གནས་སྟངས་འདིའི་ཐོག་མ་འོངས་པར་མུ་མཐུད་ཐའེ་ཝན་དེ་རྒྱལ་ཁབ་རང་བཙན་གྱི་ངོ་བོར་གནས་རྒྱུ་ལས། རྒྱ་ནག་སྐམ་ས་ཆེན་མོ་དང་མཉམ་དུ་ཟླ་སྒྲིལ་བྱ་རྒྱུ་མིན་པའི་རྣམ་འགྱུར་གསལ་པོ་བསྟན་པ་རེད།
རྒྱ་དམར་གཞུང་གིས་མང་གཙོ་ཡར་ཐོན་ཚོགས་པར་མུ་མཐུད་རྒྱལ་ཁ་ཐོབ་ན་བཙན་འཛུལ་བྱ་རྒྱུའི་རྣམ་འགྱུར་སྟོན་བཞིན་ཡོད་ཀྱང་། ད་ལྟའི་ཆར་དཔལ་འབྱོར་སོགས་གནད་དོན་མང་པོའི་ཐོག་ནུབ་ཕྱོགས་པ་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མི་བསྟུན་ཀ་མེད་ཡིན་པས། ཨ་རིས་ཐའེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུའི་རྣམ་འགྱུར་འདིའི་ཐོག་ནས་རྒྱ་དམར་གཞུང་གིས་ཁ་ཙམ་ལས་དོན་དུ་ཨ་རི་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་གཏན་ནས་མེད། དེར་བརྟེན་ཐའེ་ཝན་ལ་དཔུང་འཇུག་བྱ་རྒྱུ་ནི་རྒྱ་དམར་གཞུང་གི་ངོས་ནས་བྱེད་ཆོག་ཆོག་དང་། སྟབས་བདེ་པོ་ཞིག་མིན་པས་རྒྱ་དམར་གཞུང་གིས་ཐའེ་ཝན་ལ་མ་འོངས་པར་ལོ་བཞི་ལྔ་ཙམ་གྱི་རིང་བཙན་འཛུལ་བྱེད་མི་ཐུབ་པ་དེ་ཕྱོགས་གང་ནས་བལྟས་ཀྱང་ཤེས་ཐུབ། ད་ལན་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་བྱེད་སྟངས་ལ་བརྟེན་ནས་ཐའེ་ཝན་གྱི་བདེ་འཇགས་ལ་ཉེན་ཁ་གང་ཡང་མེད་པ་མ་ཟད། དོན་དངོས་སུ་ཐའེ་ཝན་གྱི་བདེ་འཇགས་ཐད་འདི་ལས་ལྷག་པའི་སྲུང་སྐྱོབ་ཅིག་མེད།
ཐའེ་ཝན་མི་མང་གི་ལངས་ཕྱོགས་བརྟན་པོ་དང་ཆོད་སེམས་ཆེན་པོའི་ཐོག་ནས་རྒྱ་དམར་གཞུང་གི་གནོན་ཤུགས་ལ་མགོ་གཏན་ནས་མི་སྒུར་བ་བཞིན། བཙན་བྱོལ་བོད་མིའི་ངོས་ནས་ཀྱང་ལངས་ཕྱོགས་བརྟན་པོ་ཞིག་འཛིན་ཐུབ་པ་བྱུང་ན། རྒྱལ་སྤྱིའི་སྟེང་ནས་དོ་སྣང་དང་རྒྱབ་སྐྱོར་ཆེ་བ་རག་ཐུབ་པ་དང་། གཞིས་བྱེས་བོད་མི་རྣམས་ཀྱི་སེམས་ཤུགས་ཀྱང་སླར་གསོ་དང་བརྟན་པོར་གནས་ཐུབ། རྒྱ་གཞུང་ལ་བསྟུན་མཁས་འབའ་ཞིག་བྱས་ནས་བོད་དོན་ལ་སྙིང་རྗེ་བལྟ་རྒྱུ་ཉག་གཅིག་ལ་སྒུག་བསྡད་ན། ཞིམ་བུས་ཙི་ཙི་ལ་སྙིང་རྗེ་ནམ་ཡང་མི་བལྟ་བ་དང་གཅིག་པ་རེད། བོད་པའི་ངོས་ནས་རང་ཉིད་ཀྱི་མི་རབས་ཚ་རྒྱུད་དང་བཅས་མགོ་བོ་གཞན་གྱི་རྐང་འོག་ཏུ་འཇོག་མི་དགོས་པ་ཞིག་བྱ་རྒྱུ་ནི་གལ་ཆེན་པོར་གྱུར་ཡོད། ང་ཚོའི་ཁ་གཏད་གཅོག་ཡུལ་ལས་རྒྱུ་འབྲས་བརྩི་སྲུང་དང་། ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ཡིན་པའི་དབང་དུ་བཏང་ན་དབུ་མའི་ལམ་ལ་གྲུབ་འབྲས་ཤིག་འབྱུང་རེ་ཡོད་ཀྱང་། རྒྱ་གཞུང་ལྟ་བུའི་གདུག་རྩུབ་ཅན་ཞིག་གི་ལག་ནས་གུ་ཡངས་གཏན་ནས་གཏོང་མི་སྲིད།
མདོར་ན་རྒྱ་དམར་གཞུང་ངོ་ཚ་ཞེ་ཁྲེལ་མེད་པ་ཞིག་ཡིན་པ་དང་། བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག ཧོང་ཀོང་སོགས་ལ་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་ཙམ་མ་ཡིན་པར། རྒྱལ་སྤྱིའི་སྤྱི་ཚོགས་སུ་གནོན་སྐྱོན་གཏོང་མཁན་གྱི་རྒྱལ་ཁབ་མ་རབས་ཐ་ཤལ་ཞིག་ཡིན་པ་དེ། ཏོག་དབྱིབས་གཉན་རིམས་བཅུ་དགུ་པ་ཁྱབ་བརྡལ་བཏང་བ་ནས་འཛམ་གླིང་མི་མང་གིས་ཤེས་རྟོགས་གསལ་པོ་བྱུང་ཡོད་ལ། ད་ལྟའི་ཆར་རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཧ་ཅང་མང་བའི་སྐབས་འདིར་བོད་པས་ཀྱང་གོ་སྐབས་བཟང་པོ་འདི་དམ་འཛིན་མ་ཐུབ་ན། མུ་མཐུད་གོ་སྐབས་འདི་འདྲ་རག་རྒྱུ་ཁག་པོར་གྱུར་ཡོད། ད་ལྟ་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་འདི་ལ་བརྟེན་ནས་བཙན་བྱོལ་ནང་གི་གནད་ཡོད་དུ་རློམ་པའི་མི་ཚང་རེ་ཟུང་ཞིག་ལ་མ་འོངས་པར་རྒྱུ་ནོར་དང་། དབང་ཆ་གཉིས་ཐད་ནས་ཁེ་ཕན་ཅུང་ཙམ་རེ་རག་མི་སྲིད་པ་མིན་ཡང་། གཞན་གཞིས་བྱེས་བོད་མིའི་བུ་ཚ་ཕྱི་རབས་པ་དང་བཅས་པར་གྱོང་གུད་འབའ་ཞིག་ལས་ཕན་འབྲས་གང་ཡང་འཐོབ་མི་སྲིད་སྙམ།།