ནར་མ་སོན་པའི་དྲ་དམངས།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༢)
སྤྱི་ཚོགས་གང་དང་གང་ཡིན་ཡང་དྲ་རྒྱ་བེད་སྤྱོད་དར་ཁྱབ་ཐོག་མ་བྱུང་བའི་སྐབས་སུ་དྲ་རྒྱ་བེད་སྤྱོད་གཏོང་མཁན་ནམ། དྲ་དམངས་རྣམས་ཀྱིས་དཀྲོག་གཏམ་བཟོ་བ་དང་སྤེལ་བ་སོགས་ལ་དུས་ཚོད་གཏོང་བ་ལས་བཟང་ཕྱོགས་ནས་བེད་སྤྱོད་གཏོང་མཁན་ཧ་ཅང་དཀོན་པོར་གྱུར་ཡོད། རྒྱ་ནག་གི་སྤྱི་ཚོགས་ལ་མཚོན་ནའང་དཀའ་ངལ་དེ་གཅིག་གྱུར་གྱིས་བྱུང་ཡོད་པ་བཞིན། བོད་ནང་དུའང་དེ་མཚུངས་བཞིན་བྱུང་ཡོད་པ་སྨྲོས་མེད་རེད། འོན་ཀྱང་ད་ལྟའི་ཆར་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་ལ་བརྟེན་ནས་ཕྱུག་པོར་འགྱུར་མཁན་མང་པོ་ཡོད་ལ། དེང་སྐབས་བོད་ནང་དུའང་དྲ་རྒྱ་བེད་སྤྱོད་བཏང་ནས་ཕྱུག་པོར་གྱུར་མཁན་མང་པོ་ཡོད་འདུག རྒྱ་གཞུང་གིས་ཅུང་གུ་ཡངས་བཏང་རྗེས་ལས་བྱེད་པ་རྣམས་ལ་རྒྱ་གཞུང་གི་གླ་ཕོགས་ཡོད་པ་དང་། ལྐོག་ཟ་རུལ་སུངས་བྱེད་མཁན་ཡང་ཡོད་པས་བོད་ནང་གི་ཕྱུག་ཤོས་རྒྱ་གཞུང་གི་ལས་བྱེད་པ་རྣམས་ཡིན། དེའི་རྗེས་སུ་ཁྲོམ་རའི་ཁོར་ཡུག་རྒྱ་ཆེ་རུ་སོང་ནས་ཚོང་པ་རྣམས་ཕྱུག་པོ་ཆགས་ནས་ལས་བྱེད་པ་དཔལ་འབྱོར་གྱི་ཐོག་ནས་རིམ་པ་གཉིས་པར་གྱུར།
རིམ་པས་རྒྱ་ནག་ཏུ་བོད་བརྒྱུད་ནང་བསྟན་དར་ཁྱབ་ཆེན་པོ་བྱུང་ནས་རྒྱ་ནག་ཏུ་ཕེབས་མཁན་བླ་མ་ངོ་མ་དང་། བླ་མ་རྫུན་མ་མང་པོ་བྱུང་ནས་འབྱོར་ལྡན་མང་པོ་བྱུང་བས་ཁ་ཤས་ཀྱིས་རྒྱ་བླ་ཞེས་སྡུག་དམོད་བྱེད་ནའང་། དོན་དུ་ལས་བྱེད་པ་དང་ཚོང་པ་ཚོ་ལས་རྒྱ་བླ་རྣམས་ཕྱུག་པོར་གྱུར། ད་ལྟའི་དུས་སུ་དྲ་དཔོན་ཞེས་དྲ་ཐོག་ནས་ཡིན་ལ་མིན་ལ་བཤད་པ་དང་། དྲ་དམངས་རྣམས་ཀྱི་དོ་སྣང་འགུག་ཐབས་བྱེད་མཁས་པ་རྣམས་ཕྱུག་པོར་གྱུར་ནས། ལས་བྱེད་པ་དང་། ཚོང་པ། རྒྱ་བླ་བཅས་ཕལ་ཆེ་བ་ལས་དཔལ་འབྱོར་གྱི་ནུས་པ་ཆེན་པོར་གྱུར་ཡོད་འདུག། ཁོང་ཚོས་དྲ་ལམ་ནས་དཔལ་འབྱོར་འདུ་འགོད་བྱེད་སྟངས་ནི་ངུ་བ་དང་དགོད་པ། འཐབ་པ་དང་རྩོད་པ། ཐ་ན་འཁྲིག་ཚིག་དམར་བཤད་བྱེད་པ་སོགས་ཐབས་ལམ་སྣ་ཚོགས་བྱེད་བཞིན་ཡོད་ཀྱང་། དོན་དུ་གང་ཟག་སྒེར་ངོས་ནས་དཔལ་འབྱོར་གྱི་ཐོག་ནས་ཕྱུག་པོར་གྱུར་ཡོད། གང་ལྟར་འདི་དག་ནི་དྲ་རྒྱ་བེད་སྤྱོད་བྱས་ནས་ཕྱུག་པོར་གྱུར་ཡོད་པས་བཟང་ཕྱོགས་ནས་ནུས་པ་ཐོན་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་རེད།
ནུབ་ཕྱོགས་པ་ལ་མཚོན་ན་དྲ་རྒྱ་ཁོ་ན་ལ་བརྟེན་ནས་ཕྱུག་བདག་ཆགས་པ་ནི། ཨ་རི་ནས་ཡིན་པའི་ངོ་དེབ་(Facebook)ཀྱི་བདག་པོ་ན་གཞོན་ཕྱུག་བདག་མཱརྐ་ ཛུ་ཀེར་བྷེག་(Mark Zuckerberg)གིས་ངོ་དེབ་གསར་བཟོ་དང་བདག་སྐྱོང་བྱས་པ་ལ་བརྟེན་ནས་ད་ལྟའི་ཆར་རྒྱུ་ནོར་ཨ་སྒོར་དུང་ཕྱུར་༡༣༠༠ ལྷག་ཡོད་པའི་འཛམ་གླིང་གི་ཕྱུག་བདག་ཨང་ལྔ་པར་གྱུར་ཡོད། དྲ་རྒྱ་ལ་བརྟེན་ནས་དུས་ཐུང་ནང་འཛམ་གླིང་གི་ཕྱུག་བདག་ཆགས་མཁན་མིག་དཔེ་ཡག་ཤོས་ཤིག་ཁོང་ཡིན་པ་མ་ཟད། འདི་དང་འདི་ལྟ་བུའི་དཔེ་མཚོན་འཛམ་གླིང་ཤར་ནུབ་ཀུན་ཏུ་ཧ་ཅང་མང་པོ་ཡོད། དྲ་རྒྱ་ནི་བཟང་ཕྱོགས་ནས་བེད་སྤྱོད་བཏང་ན་དཔལ་འབྱོར་གྱི་ཐོག་ནས་འདི་ལྟ་བུའི་ནུས་པ་ཡོད་མཁན་ཞིག་ཡིན་ལ། ཤེས་ཡོན་དར་སྤེལ་གྱི་ཐོག་ནས་ཀྱང་ནུས་པ་ཧ་ཅང་ཆེན་པོར་གྱུར་ཡོད། ཕྱོགས་གཞན་ཞིག་ནས་ད་ཆ་དམག་འཁྲུག་ཕལ་ཆེ་བའང་དྲ་རྒྱ་ལ་བརྟེན་དགོས་པ་ཞིག་ཏུ་གྱུར་ཡོད་པས་མཚོན། དྲ་རྒྱ་ནི་སྤྱི་ཚོགས་ཀྱི་ནང་ཁ་གཏན་ནས་འབྲལ་ཐབས་མེད་པའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཟིན།
བཙན་བྱོལ་བོད་མིའི་ནང་དྲ་རྒྱ་ལ་བརྟེན་ནས་ཕྱུག་བདག་ཆགས་མཁན་བྱུང་མེད་ལ། ཁྱིམ་ཚང་ཉམ་ཐག་རེ་ཟུང་གི་ཆེད་དྲ་རྒྱ་བེད་སྤྱོད་ཀྱིས་ཞལ་འདེབས་བསྡུས་ནས་ཁྱིམ་ཚང་གི་དཀའ་ངལ་སེལ་ཐུབ་པ་བྱུང་ཡང་། བཙན་བྱོལ་གཞུང་གིས་དེ་ལ་སྔ་རྗེས་སུ་དགག་པ་བྱས་ཡོད། གཞན་ད་བར་བཙན་བྱོལ་ནང་དྲ་རྒྱ་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་ཐོན་མཁན་ཞིག་བྱུང་མེད་པ་མ་ཟད། ཐ་ན་དྲ་རྒྱ་ལ་བརྟེན་ནས་ཟས་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་མཁན་ཡང་མང་པོ་ཞིག་མེད་ཚོད་རེད། དྲ་རྒྱ་འཛམ་གླིང་སྤྱི་ཡོངས་ལ་ཕལ་ཆེར་མཉམ་དུ་དར་ཁྱབ་བྱུང་ཡང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་ནུབ་ཕྱོགས་པ་དང་རྒྱ་ནག་སོགས་སུ་དྲ་རྒྱ་ཐོག་མར་དར་སྐབས་དཀྲོག་གཏམ་བཟོ་བ་དང་། དཀྲོག་གཏམ་སྤེལ་བར་བེད་སྤྱོད་བཏང་ཡོད་པ་ལྟར། བཙན་བྱོལ་སྤྱི་ཚོགས་སུ་ད་དུང་ཡང་ཚད་རིམ་དེ་ལས་ཅུང་ཙམ་ཡང་བརྒལ་ཐུབ་མེད། ད་དུང་མི་ཆེ་ཆུང་མང་པོས་མིང་འདྲ་མིན་བེད་སྤྱོད་བཏང་ནས་དཀྲོག་གཏམ་བཟོ་བཞིན་ཡོད་ལ། དྲ་དམངས་ཕལ་ཆེ་བའང་དེ་ལ་མགོ་འཐོམས་ཡོད།
མདོར་ན་མི་སྒེར་ཞིག་གིས་རང་ཉིད་སྡེ་ཚན་གང་རུང་ཞིག་ལ་དགའ་པོ་མེད་ཚུལ་དྲ་ལམ་དུ་བཤད་སྐབས་སྤྱི་ཚོགས་དྲ་ལམ་ནང་ཤུགས་རྐྱེན་ཅུང་ཙམ་ཡོད་མཁན་དག་གིས་ཀྱང་། དེ་དག་བརྒྱུད་འགོད་བྱེད་བཞིན་ཡོད་ལ་དྲ་དམངས་ཕལ་ཆེ་བའང་། ཧ་ལས་ཧང་སང་ནས་བརྒྱུད་སྤེལ་དང་དེ་ལ་ལན་འདེབས་བྱེད་པ་ལྟ་བུ་དང་། གཞན་ཡང་ཉིད་ཀྱི་སྣང་བར་མི་འགྲོ་བའམ་ཕྱོགས་ཁག་མི་གཅིག་པའི་མི་དག་གི་པར་རྫུན་བཟོ་འདྲ་མིན་བྱས་ནས་སྤེལ་སྐབས། དེ་ལ་དགའ་མཁན་དང་སྡུག་མཁན་ཇི་སྙེད་ཅིག་ཡོད་པས། བཙན་བྱོལ་བོད་མིས་སྤྱི་ཚོགས་དྲ་ལམ་བེད་སྤྱོད་གཏོང་སྟབས་ཀྱི་ཐོག་ནས་བཤད་ན་ནར་མ་སོན་པའི་དྲ་དམངས་ཙམ་ལས། ཤེས་ཡོན་དང་དཔལ་འབྱོར་འཕྲོད་བསྟེན་སོགས་ལ་དྲ་ལམ་བརྒྱུད་ནུས་པ་ཆེན་པོ་གང་ཡང་ཐོན་ཐུབ་མེད། དེའི་ཐོག་ལ་རྒྱ་དམར་གཞུང་གིས་འགྲོ་སོང་བཏང་ནས་གསོ་སྐྱོང་བྱས་པ་དག་གི་ཤུགས་རྐྱེན་ཡང་ཡོད་པས། བཙན་བྱོལ་བོད་མི་རྣམས་དྲ་རྒྱ་བེད་སྤྱོད་ཀྱི་ཚད་རིམ་ད་དུང་དེ་ལས་བརྒལ་ཐུབ་པའི་རེ་བ་གནས་སྐབས་མེད་པ་ལྟ་བུར་གྱུར་འདུག།