བསྟོད་ཕྲེང་དབྱུག་པ་ཅན་གྱི་དགོངས་རྒྱན་

སྔོན་གྱི་གྲངས་མེད་བསྐལ་པའི་དུས་སུ་རྒྱལ་སྲས་གྲངས་མེད་འདུས་པའི་སར།།

ཁ་བའི་རྡུལ་མང་གྲངས་མེད་བརྩེགས་པའི་ཁ་བ་རི་པའི་མགོན་བསྐྱབ་ཏུ།།

གང་གིས་མཛད་མིན་མེ་ཏོག་མཚན་མ་སྤྱན་རས་གཟིགས་དབང་གང་དེར་ཕོགས།།

ཁ་བ་རི་པའི་ལྷ་བསྐལ་གྱུར་པའི་འཕགས་མཆོག་ཐུགས་རྗེ་ཅན་ལ་བསྟོད།།

 

 


བཅུ་ཁྲག་རིག་པའི་པད་ཚལ་ཡངས་པོ་ཁ་བ་རི་པའི་ལྗོངས་སུ་བཏབ།།

ཁ་བ་རི་པའི་རྐང་དྲུག་གཞོན་ནུའི་ཐབས་ཤེས་གཤོག་ཟུང་མཁའ་ལ་བསྙེགས།།

འཛམ་གླིང་སུམ་ཉིད་ས་ཡི་དཀྱིལ་འཁོར་གངས་ཅན་པ་ཡིས་དབང་བསྡུས་པའི།།

ཆོས་རྒྱལ་གོང་མ་མེས་དབོན་རྣམ་གསུམ་སྤྲུལ་པའི་རོལ་གར་རིམ་བཞིན་མཛད།།

 

 


གྲུ་འཛིན་མགོན་གྱི་སྐྱེས་རབས་ཕྲེང་འཛིན་དབུས་ཀྱི་གངས་དཀར་ཏི་སེ་ཡིས།།

ཉི་མའི་གཉེན་གྱི་རྟ་བདུན་དབང་པོའི་གསེར་མདོག་འོད་ཀྱིས་བླ་གོས་མཛེས།།

ཆོས་ཕུང་བརྒྱད་ཁྲིའི་བཅུད་ཀྱི་སྙིང་པོ་རྨ་རྫ་འབྲི་སོགས་ཟབ་ཡངས་རྣམས་།།

གང་སྐུའི་ཏི་སེའི་རབ་དཀར་ཐུགས་ལས་མདོ་དབུས་ཁམས་སུ་རབ་ཏུ་རྒྱས།།

 

 


རབ་དཀར་སྐུ་ལ་གསེར་མདོག་འོད་ཀྱི་མཚན་བཟང་རྒྱན་གྱིས་རབ་སྤུད་ནས།།་

གངས་ཅན་རི་བོའི་ཕྲག་ཏུ་འཕགས་ཏེ་སྙན་གྲགས་ཉི་ཟླ་ཟུང་དང་འདྲེས།།

ཟབ་གསལ་གསུང་གི་འཕྲིན་ལས་ཐོག་མེད་ཆུ་བོ་རྣམ་བཞིའི་དབྱངས་སྙན་གྱིས།།

གངས་རིའི་ར་བ་ཐོག་མེད་བརྡོལ་ནས་རྒྱ་ཧོར་ཡུལ་གྲུ་ཀུན་ལ་བསྒྲགས།།

 


གང་གི་གདུལ་ཞིང་གངས་ཅན་བོད་ཀྱི་མཐོ་སྒང་ཡངས་པའི་མཁའ་དབྱིངསུ་།།

གང་གི་གཟི་བྱིན་རྟ་བདུན་དབང་པོས་འོད་ཟེར་འབུམ་ཁྲག་སྤྲོས་པ་ལས།།

གོ་ལ་ཟླུམ་པོ་དབང་དུ་བསྡུས་པའི་སེར་ཆེན་དམག་གི་སྐར་མའི་ཚོགས།།

དབང་མེད་བཀུགས་ནས་ལྷོ་སྤྲིན་འཕྱོ་མའི་གྲངས་མེད་མཇལ་དར་རི་བོ་བརྩེགས་།།

 


ཤཱ་ཀྱའི་ཡུལ་དུ་གཞོན་ནུ་དོན་འགྲུབ་རྒྱལ་པོའི་ཆ་ལུགས་འཆང་བ་བཞིན་།།

མཚམས་སྤྲིན་དམར་པོས་ཀུན་ནས་བཏུམ་པའི་ཤར་རིའི་གྲུ་འཛིན་གཉིས་པའི་རྩེར།།

ལུགས་ཟུང་འཁོར་ལོའི་མཚན་མོའི་མགོན་གྱིས་བྷོ་ཏྲའི་ལྗོངས་སུ་བསིལ་བྱས་པས།།

གངས་ཅན་སྐྱེ་རྒུའི་ཀུད་དཱའི་ཚོགས་ཀྱིས་དགའ་འཛུམ་འདབ་སྟོང་ཀུན་ཏུ་གྲོལ།།

 

 


འདོད་ཁམས་བདག་མོའི་དངས་གཙང་ཡིད་ཀྱི་མཚོ་མོའི་ངོས་སུ་གསལ་བ་བཞིན།།

ཨ་ཡིག་ཐོན་པས་བསིལ་ལྡན་ལྗོངས་ཀྱི་མདོ་སྨད་རིག་པའི་འབྱུང་བའི་གནས།།

ཀ་ཡི་དོན་ལས་ཡབ་རྗེ་གཉིས་པའི་མཚན་དཔལ་བཞེད་པའི་སྐུ་འབུམ་ཡུལ།།

མ་ཡིག་མཚན་མས་འཇིག་རྟེན་དབང་ཕྱུག་ལྷ་མོའི་མིང་ཅན་གར་དུ་རོལ།།

 

 


ཤཱ་ཀྱའི་སྲས་པོའི་དྲི་མེད་རིང་ལུགས་མཐའ་བྲལ་རྒྱ་མཚོ་ཡངས་པ་རུ།།

འཕགས་བོད་མཁས་པའི་དགོངས་འགྲེལ་གྲུ་ལ་རྣམ་དཔྱོད་རིག་པའི་དར་འཕྱངས་ཏེ།།

འགྲོ་མང་གདུལ་ལ་སྤྲོ་བའི་རླུང་གིས་ལྷོད་མེད་ཤུགས་ཀྱིས་རབ་དེད་ནས།།

འཁོར་བའི་རྒྱ་མཚོའི་ཕར་མཐར་བརྒལ་ཏེ་ས་གསུམ་འགྲོ་བའི་མགོན་དུ་གྱུར།།

 

 


བསྐལ་བཟང་དུས་ཀྱི་རྣམ་འདྲེན་བཞི་པས་ཐར་ལམ་པད་ཚལ་འབྱེད་བྱས་ཀྱང།།

གཙོ་བོ་སྨྲ་བའི་བུང་བའི་ཚོགས་ཀྱིས་ཆོས་ཀྱི་རྩི་བཅུད་མྱོང་བ་མིན།།

ལྔ་བདོའི་བསྐལ་པར་གྲུ་འཛིན་མགོན་གྱི་གསུངས་དབྱངས་འབྲུག་སྒྲ་ཟབ་མོ་ལས།།

ཕན་བདེའི་ལམ་བཟང་ཟད་མེད་ཆར་རྒྱུན་ཕྱི་ནང་རྐང་འཐུང་ཀུན་གྱིས་འདོད།།

 

 


ཕྱག་ན་པདྨོ་མི་ཡི་རྣམ་རོལ་གངས་ཅན་མཁའ་ཡི་རི་བོང་འཛིན།།

ཁ་བ་རི་པའི་ནུབ་རིའི་ཕྲག་ནས་འཛམ་གླིང་གོ་ལའི་མཁའ་རུ་བཞུད།།

འཛམ་གླིང་མཁའ་ཡི་སྐྱེ་འགྲོའི་སྐར་ཚོགས་རྒོད་འཁྲུགས་སྤྲིན་རུམ་ལས་བསྐྱབས་པས།།

སྐྱེ་འགྲོའི་སྡུག་བསྔལ་ཚ་གདུང་སེལ་བའི་བསིལ་ཟེར་ཞི་བདེའི་དེད་དཔོན་བཀུར།།

 

 


བྷོ་ཏྲའི་ས་ལིའི་སྨིན་ལྗོངས་མཁའ་རུ་མཚམས་སྤྲིན་དམར་པོས་ཀུན་ཏུ་གདུང།།

གངས་ཅན་སྐྱེ་འགྲོའི་སྒྱུར་སྐར་ཚོགས་ཀྱིས་ཟད་མེད་མིག་ཆུའི་ཆར་རྒྱུན་འབབ།།

ཁ་བ་རི་པའི་ཉི་ཟླ་སྐར་གསུམ་འཛམ་གླིང་མཁའ་ཡི་མཐར་བསྐོར་ནས།།

ཁ་བ་རི་པའི་མཁའ་རུ་གསལ་ཏེ་སྤྲིན་རུམ་དམར་པོ་བསལ་བར་སྨོན།།

 

 


ཞེས་ཚིགས་སུ་བཅད་པ་འགའ་ཡིས་སྒོ་ནས་དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་དང། སྙིང་རྗེ་ཟུང་གི་་

རང་གཟུགས་གཅིག་ཏུ་བསྡུས་པའི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་རང་ཅག་ཁ་བ་རི་པའི་བསོད་ནམས་ཀྱི་བགོ་སྐལ་དུ་

ཁ་བ་རི་པའི་རིགས་རུས་སུ་ཆོས་རྒྱལ་ལོ་པན་དུ་མའི་རྣམ་རོལ་བྱོན་ནས་འཇིག་རྟེན་ས་ཡི་སུམ་ཉིད་ལ་དབང་བསྒྱུར་གྱི་དུས་སྐབས་བྱུང་ཞིང། བོད་ཁམས་སིལ་བུར་ཐོར་བའི་རྗེས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་ལྟ་བུ་ཞིག་བྱུང་བ་

དེ་ནི་དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་བྱུང་ཡོད། དེས་ན་འདས་ཟིན་པའི་དུས་སྐབས་དེ་དག་གི་བརྗིད་ཉམས་ཅན་གྱི་

ཆོས་སྲིད་ཀྱི་མཛད་འཕྲིན་རྣམས་དང། དེང་གི་དུས་སྐབས་སུ་ཡང་འཛམ་གླིང་སྐྱེ་བོ་ཀུན་གྱི་ཕན་བདེའི་ལམ་བཟང་ཉིད་དུ་

འགྱུར་བ་བཅས་ལ་བརྟེན་བཀའ་དྲིན་རྗེས་དྲན་དང། འཁོར་བའི་ཕྱི་མཐའ་མ་རྫོགས་ཀྱི་བར་དུ་རྗེས་སུ་བཟུང་བའི་སྨོན་འདུན་དུ།

སྤོམ་སྒང་གི་་་ཕུན་བཀྲིས་ནས་་སྐུ་ཡི་འཁྲུངས་ལ་ཕུལ།།