ལ་དྭགས་ཀྱི་འབྲོག་པ་དང་རྒྱ་དམག་བར་གདོང་ཐུག་བྱུང་འདུག

ཟླ་འདིའི་ཚེས་༢ ་ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལ་དྭགས་ཆུ་ཤུལ་ས་ཁུལ་དུ་འབྲོག་པ་དང་རྒྱ་ནག་གི་སྐོར་འཆག་བའི་བར་གདོང་ཐུག་བྱུང་ཡོད་འདུག

ཟླ་༡ ་ཚེས་༢ ་ཉིན་རྒྱ་ནག་གི་སྐོར་འཆག་དམག་མི་ཚོས་དེ་སྔ་ནས་ར་ལུག་འཚོ་ས་ཡིན་པའི་བཀག་གཞུང་ས་ཁུལ་འགའ་ཤས་ཀྱི་ནང་ལུག་འཚོ་བ་ལ་བཀག་འགོག་བྱས་ཡོད་པར་བརྟེན། ལ་དྭགས་ཆུ་ཤུལ་གྱི་བཀག་གཞུང་(Kakjung) ་ས་ཁུལ་གྱི་སྐོར་འཆག་གི་ས་ཚིགས་ཨང་༣༥ །༣༦།༣༧ ་བཅས་སུ་ལ་དྭགས་ཀྱི་འབྲོག་པ་དང་རྒྱ་དམག་སྐོར་འཆག་བའི་བར་གདོང་ཐུག་བྱུང་ཡོད་འདུག གནས་ཚུལ་དེ་བྱུང་ནས་ཟླ་བ་གཅིག་མ་ཟིན་ཙམ་སོང་བའི་རྗེས། གཞི་ནས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་འདུག

རྒྱ་གར་གྱི་(THE WIRE) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་ལྟར་ཕྱི་ཟླ་བཅུ་གཅིག་དང་བཅུ་གཉིས་བཅས་ཕྱུགས་འཚོ་བའི་དུས་ཡུན་ཟླ་བ་གཉིས་ཙམ་གྱི་རིང་བཀག་གཞུང་ས་ཁུལ་དུ་ར་ལུག་༧༠༠༠༠ ཙམ་འཚོ་ཡི་ཡོད་པ་མ་ཟད། དེ་སྔ་ཡང་བཀག་གཞུང་ས་ཁུལ་དུ་འབྲོག་པ་དང་རྒྱ་ནག་གི་སྐོར་འཆག་བའི་བར་གདོང་ཐུག་བྱུང་མྱོང་ཡོད་འདུག

རྒྱ་གར་གྱི་(FIRSTPOST) ཞེས་པའི་གསར་ཁང་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༠ ལོར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་གདོང་ཐུག་བྱུང་ནས་བཟུང་འབྲོག་པ་རྣམས་ཀྱིས་འཕགས་བོད་གཉིས་ཀྱི་ས་མཚམས་ས་ཐིག་(LAC) ་ཏུ་ར་ལུག་འཚོ་ཡི་མེད་པ་རེད་འདུག

ཕྱི་ལོ་༢༠༢༠ ལོ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་འཁྲུག་རྩོད་བྱུང་ནས་ཁུལ་དེར་རྒྱ་གར་གྱི་དམག་མི་༢༠ ཡི་ཚེ་སྲོག་ཤོར་བ་དང་། རྒྱ་ནག་གི་དམག་མི་༤༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག དུས་དེ་ནས་ད་བར་རྒྱ་དཀར་ནག་གཉིས་ཀྱི་བར་གྲོས་མོལ་ཐེངས་མང་བྱས་ཀྱང་། ད་བར་ས་མཚམས་ཀྱི་དཀའ་ངལ་ལས་གྲོལ་ཐུབ་མེད་པ་མ་ཟད། རྒྱ་གར་གཞུང་གི་འཕགས་བོད་ས་མཚམས་ཁུལ་ལ་ཞི་བདེ་མི་ཡོང་བར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་རྒྱུན་ལྡན་ཞིག་ཡོང་མི་སྲིད་པའི་ལངས་ཕྱོགས་འཛིན་བཞིན་ཡོད་འདུག།།

གསར་འགོད་པ་བློ་བཟང་རྒྱ་མཚོ།