ང་ཚོས་དུས་རབས་ཀྱི་རྗེས་ཆོད་དགོས།

གསར་བརྗེ་ཞེས་པ་འདི་ནི་མི་རིགས་ཤིག་དང་། སྒྲིགས་འཛུགས་ཤིག ཚོགས་པ་ཞིག སྤྱི་ཚོགས་ཤིག་ལ་ངེས་པར་དུ་དགོས་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་ཡིན། གསར་བརྗེ་མེད་པའི་སྤྱི་ཚོགས་དེར་ཡར་རྒྱས་ཀྱི་གསོན་ཤུགས་ཡོད་མི་སྲིད་ལ་གསར་བརྗེ་མེད་པའི་སྤྱི་ཚོགས་དེ་རྗེས་ལུས་ཀྱི་རུལ་དྲི་ལས་བྲལ་མི་ཐུབ། གསར་བརྗེ་བྱ་ཡུལ་ལ་རིག་གཞུང་དང་། ཤེས་ཡོན། གོམས་གཤིས། འགྲོ་སྟངས་སོགས་སྣ་མང་རང་བཞིན་གྱི་ཤེས་བྱ་སྣ་ཚོགས་ཤིག་ཡོད། གསར་བརྗེ་བྱེད་སྐབས་རྙིང་བ་ཡོད་ཚད་གཡུག་རྐྱང་དང་གསར་བ་ཡོད་ཚད་ལེན་རྐྱང་དགོས་པའི་དོན་མིན་པར་རིན་ཐང་ལྡན་པའི་རྙིང་བ་རྣམས་རྒྱུན་འཛིན་དང་སླར་གསོའི་ཐོག་གསར་བ་ནང་འདྲེན་དང་གསར་བས་ཁ་བསབ་བྱེད་དགོས་པའི་དོན་ཡིན།

ད་ལྟའི་བོད་ཀྱི་གནས་སྟངས་ལ་བལྟས་ན་རྙིང་བ་རྒྱུན་འཛིན་དང་གསར་བ་ནང་འདྲེན་གཉིས་ཀའི་ཐོག་ནས་ཡིད་ཚིམ་བའི་ལག་ལེན་ཞིག་བྱུང་ཐུབ་མེད། ད་ནི་ང་ཚོས་མིག་ཅེར་ཅེར་དང་སེམས་གྲུང་གྲུང་གིས་རྣམ་རིག་སྒྲིམ་དགོས་ཤིང་ཕུགས་རྒྱང་རིང་པོའི་དགོངས་བཞེས་ཀྱིས་མདུན་དུ་སྐྱོད་དགོས་པའི་དུས་ལ་བབ་ཡོད།

བོད་གངས་ཅན་པར་ངོམ་འོས་པའི་ཁྱད་ནོར་ཞིག་ཡོད་པ་ནི་ནང་བསྟན་རིག་པའི་གཞུང་ལུགས་དང་། དེས་བསྐྱེད་པའི་ཡ་རབས་བཟང་སྤྱོད་ཀྱི་བསམ་བློ། ཀུན་ཕན་གྱི་བརྩེ་བ། ཡང་དག་པའི་གོམས་གཤིས་སོགས་དང་། དེར་ཉམས་བཞེས་གནང་མཁན་གྱི་༧གོང་ས་ཏཱ་ལའི་བླ་མ་མཆོག་བཅས་ཡིན། དེས་ན་ང་ཚོའི་ངོམ་འོས་པའི་ནོར་གྱི་མཆོག་དང་སྐྱབས་ཀྱི་ཕུལ་རྣམས་རྒྱལ་སྤྱིའི་སྡིངས་ཆར་མངོན་ཐབས་བྱེད་དགོས་ཤིང་དེ་ནི་བོད་མི་རིགས་ཀྱི་སྲོག་རྩ་བརྟན་གནས་ཐུབ་མིན་གྱི་འགག་རྩ་དང་། ཇེ་ཆུང་དུ་འགྱུར་བཞིན་པའི་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཧྲིལ་བོའི་གདེང་འཇོག་གི་ཞིང་སར་བོད་གངས་ཅན་པའི་གཟི་བརྗིད་ཀྱི་ནུས་སྟོབས་རྒྱས་ཐུབ་མིན་གྱི་ཚད་ཐིག་ཡིན་པ་མ་ཟད་རྒྱལ་སྤྱིའི་ཆེ་མཐོང་གི་བཞུགས་གྲལ་དུ་འཁོད་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་མི་རིགས་ཀྱི་མགོན་སྐྱབས་ལས་གཞན་དུ་ཕེབས་རྗེས་བོད་མི་རིགས་ཀྱི་ཆེ་མཐོང་དང་གཟི་བརྗིད་འཛམ་གླིང་ཧྲིལ་བོའི་འགྲོ་བ་མིའི་སེམས་ཀྱི་མཆོད་སྟེགས་སུ་གནས་ཐུབ་མིན་གྱི་རྩ་བའི་རྩ་བརའང་འབྲེལ་ཡོད། བསམ་ཞིང་བསམ་སྐབས་བོད་མི་རིགས་ཀྱི་རིགས་གཞུང་དང་ཁྱད་ནོར་དག་ལ་གོ་རྟོགས་ལྡན་པའི་རྒྱུན་འཛིན་པ་ནི་ནང་བསྟན་རིག་པའི་གཞུང་ལུགས་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དག་གི་སློབ་ཕྲུག་ཚོ་ཡིན་ཞིང་ཁོང་ཚོའི་རྒྱུན་སྤྱོད་ཀྱི་འབོད་མིང་ལ་སེར་མོ་བའི་སྤྱི་ཚོགས་ཟེར།

བོད་མི་རིགས་ཀྱི་ཡོད་ཚད་ནས་ཡོད་སེར་མོ་བའི་སྤྱི་ཚོགས་ཁོ་ན་རེད་ཅེས་བརྗོད་པར་ག་ནུས་ཏེ་མི་ནུས་མོད། བོད་བརྒྱུད་ནང་བསྟན་རིག་པའི་གཞུང་ལུགས་འདི་བོད་མི་རིགས་ཀྱི་ཁྱད་ནོར་དུ་བརྩིས་ཤིང་། བོད་ཀྱི་རིག་གཞུང་དང་། སྐད་ཡིག་གི་ཤེས་ཚད་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོ་དང་། བོད་ཀྱི་བཟང་བོའི་གོམས་གཤིས་དག་རྒྱལ་སྤྱིའི་ཆེ་མཐོང་དང་བོད་པའི་གཟི་བརྗིད་དུ་བགྲང་དགོས་པའི་ལྡོག་མེད་ཀྱི་གནས་ལུགས་སྟོང་ཕྲག་གིས་དེད་འོང་པས་འདི་ལྟར་བཤད་པའང་རྒྱུ་མཚན་མེད་པ་གཏན་ནས་མིན།དེས་ན་ང་ཚོའི་ནང་བསྟན་རིག་གཞུང་གི་བསྟི་གནས་དགོན་སྡེ་ཁག་གི་སློབ་གསོ་ནས་འགོ་བཙུག་སྟེ་གཞི་རིམ་སློབ་གྲྭ་ཁག་གི་སློབ་གསོ་དང་ཀུན་སྤྱོད་རིག་པའི་ཁ་ཕྱོགས་རྒྱལ་སྤྱིའི་ཆེ་མཐོང་དང་གདེང་འཇོག་ཡོད་པའི་ཕྱོགས་སུ་བསྒྱུར་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་སུ་བྱ་བ་ཉག་གཅིག་གོ།།

ང་ཚོས་སེམས་བཟང་པོ་དང་ཡ་རབས་བཟང་སྤྱོད་བྱེད་ཕྱོགས། མི་ལ་ཕན་བདེ་སྒྲུབ་ཐབས། སེམས་ཅན་ཡོད་དོ་ཅོག་ལ་ཕན་པའི་རང་བཞིན་གྱི་སྲི་ཞུ་སྒྲུབ་ཐབས་སོགས་བཤད་པ་ཙམ་མ་ཡིན་པར་དངོས་སུ་ལག་ལེན་དུ་བསྟར་དགོས་པ་དང་དེ་ཡང་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་། སྤྱི་ཚོགས་ཀྱི་དགའ་ཕྱོགས། སྤྱི་ཚོགས་ཀྱི་ཤེས་ཚད་དང་བསྟུན་ནས་ལག་ལེན་དུ་འགེལ་དགོས་པ་གནད་ཀྱི་རྩ་བ་ཡིན། དེའི་སྒྲུབ་ཐབས་གཙོ་བོ་ནི་བོད་ཀྱི་རིགས་གཞུང་གི་ཤེས་ཚད་དང་ཉམས་ལེན་ལྡན་པའི་སྐྱེ་བོ་ཚོར་དེང་རབས་ཀྱི་བསམ་བློ་དང་ཤེས་ཚད་ཀྱི་སྟོང་ཆ་མ་ལྷག་པ་དགོས་རྒྱུ་འདི་ཡིན།

དེས་ན་ནང་བསྟན་ཆོས་ལུགས་ཀྱི་ཆེ་མཐོང་ཚད་མཐོ་པོའི་སྒོ་ནས་ཆེ་རུ་འགྲོ་བ་དང་རང་ཉིད་ནང་བསྟན་ཆོས་ཀྱི་ཤེས་ཚད་ཅུང་ཟད་ཡོད་པའི་ང་རྒྱལ་གྱིས་གཞན་པ་ཡོད་ཚད་ལ་མཐོང་ཆུང་དང་སྣང་མེད་དུ་མི་གཏོང་བར་དེང་རབས་ཀྱི་ཤེས་བྱ་དང་འགྲོ་སྟངས་ཡོངས་རྫོགས་ནང་བསྟན་ཆོས་ཀྱི་གཟི་བརྗིད་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་བགོ་འགྲེམས་ཀྱི་ཐབས་ལམ་ཞིག་དང་རང་ཉིད་རྒྱལ་སྤྱིའི་མཁས་པའི་སྡིངས་ཆར་བགྲོད་པའི་མན་ངག་ཅིག་ཏུ་བལྟས་ནས་ངེས་པར་དུ་གསར་བརྗེ་བྱ་དགོས།

ད་ནི་ང་ཚོར་ཆོས་ཀྱི་བསམ་བློ་ཡོད་ཅེས་སྡོད་པའི་དུས་མ་ཡིན་པར་ཆོས་ཀྱི་བསམ་བློ་ཀུན་སྤྱོད་ངོ་མའི་ཐོག་ནས་སྟོན་དགོས་པའི་དུས་ཡིན། ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་ཤེས་ཚད་ཀྱི་གོ་ཁྲབ་གྱོན་པའི་ཆོས་པ་དང་བོད་ཀྱི་རིག་གཞུང་གི་ཞག་ཚིལ་ཅན་གང་མང་མང་ཞིག་སྐྱེད་བསྲིང་བྱས་ནས་ད་ལྟའི་བོད་ཀྱི་ཉམ་ཐག་པའི་གནས་སྟངས་འདི་ལས་བརྒལ་དགོས། ང་ཚོས་ངེས་པར་དུ་གསར་བརྗེ་བྱ་དགོས།། །།
2011/7/12