རྒྱ་གཞུང་གིས་ཁམས་སྡེ་དགེའི་བོད་མི་ཚོ་གནས་སྤོ་དགོས་པའི་བཙན་བཀར་ངོ་རྒོལ།

ཉེ་ཆར་བོད་ནང་གི་ཁམས་སྡེ་དགེ་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་བྱེད་རྒྱུ་ཡིན་པར་བརྗོད་ནས་ས་གནས་དེའི་ཁུལ་དུ་ཡོད་པའི་བོད་མི་རྣམས་ཡུལ་གཞན་ལ་གནས་སྤོ་དགོས་པའི་བཙན་བཀའ་ཕབ་པར་བརྟེན། ད་ཆར་ས་གནས་དེའི་ཁུལ་དུ་ཡོད་པའི་མི་མང་དང་དགོན་པའི་གྲྭ་པ་སོགས་ཀྱིས་གཞུང་ལ་ཞུ་གཏུག་རིམ་པ་བརྒྱབས་ཡོད་ཀྱང་། རྒྱ་གཞུང་གིས་བཙན་ཤེད་ཀྱིས་མི་མང་ལ་རྡུང་རྡེག་བཏང་བ་དང་འཛིན་བཟུང་བྱས་པ་སོགས་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་བཞུགས་སྒར་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།
ཕྱི་ཚེས་༢༢ ཉིན་བཞུགས་སྒར་དུ་ཡོད་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ནས་བོད་ནང་གི་ཁམས་སྡེ་དགེ་འབྲི་ཆུའི་ཆུ་རྒྱུད་དུ་རྒྱ་ནག་གཞུང་གིས་གློག་ཁང་གི་ཆུ་མཛོད་ཆེན་པོ་ཞིག་གསར་རྒྱག་བྱེད་འཆར་ཡོད་འདུག་པར་བརྟེན། ས་ཁུལ་དེའི་ནང་ཡོད་པའི་ཡུལ་མིའི་དུད་ཁྱིམ་སྟོང་ཕྲག་འགའ་ཤས་དང་དགོན་པ་བཅུ་ལྷག་ཙམ་ཞིག་ཡུལ་གཞན་དུ་སྤོ་དགོས་པའི་བཙན་བཀའ་ཕབ་ཡོད་པའི་རྐྱེན་གྱིས་ཕྱི་ཟླ་༢ ཚེས་༡༤ ཉིན་ཡུལ་མི་རྣམས་ཀྱིས་སྡེ་དགེ་རྫོང་གི་སྒོ་འགྲམ་དུ་མཐེབ་མོ་སློང་བ་དང་། པུད་མོ་ས་ལ་བཙུགས་ཏེ་ཡུལ་གཞན་ལ་མ་གཏོང་རོགས་ཞེས་རྫོང་གི་ལས་བྱེད་པ་རྣམས་ལ་ཞུ་བ་རྒྱག་བཞིན་ཡོད་པའི་བརྙན་སོགས་དྲྭ་ལམ་ནང་མཐོང་རྒྱུ་འདུག་ལ། དེ་བཞིན་ཁ་སང་དེ་རིང་སྡེ་དགེའི་ཡུལ་མི་རྣམས་ལ་རྫོང་གི་ལས་བྱེད་ཡོང་ནས་ཡུལ་གཞན་ལ་སྤོ་དགོས་པའི་བཀའ་ཕབ་སྟེ། ཡུལ་མི་རྣམས་ངུ་འབོད་བྱས་ནས་ཞུ་བ་རྒྱག་བཞིན་ཡོད་པ་བརྙན་ལམ་ནས་མཐོང་རྒྱུ་འདུག ཡང་དྲྭ་ལམ་གྱི་བརྙན་གཞན་ཞིག་ནང་རྫོང་གི་ཉེན་རྟོག་པས་དགོན་པའི་སྒོ་འགྲམ་དུ་ཡོང་ནས་དགོན་པའི་གྲྭ་པ་མང་པོ་འཛིན་བཟུང་བྱེད་བཞིན་པ་དང་འགའ་ཤས་ལ་ཉེས་རྡུང་གཏོང་གི་ཡོད་པ་ཡང་མཐོང་རྒྱུ་འདུག གང་ལྟར་ད་ལྟའི་ཆར་སྡེ་དགེའི་ནང་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ཆེད་དུ་ཡུལ་མི་རྣམས་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་ཡོད་འདུག་པར་བརྟེན། ཕྱི་ཚེས་༢༢ ཉིན་བཞུགས་སྒར་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ནས་རྒྱ་ནག་གཞུང་གིས་སྡེ་དགེ་མི་མང་ལ་དཀའ་ངལ་སྤྲོད་བཞིན་པ་རྣམས་འཕྲད་དུ་མཚམས་འཇོག་བྱེད་དགོས་པའི་ངོ་རྒོལ་དང་བསྒྲགས་གཏམ་ཞིག་སྤེལ་གནང་སོང་ལ། བསྒྲགས་གཏམ་ནང་དུ་བོད་ཀྱི་ཚོགས་པ་ཆེ་ཁག་ངོས་ནས་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་མིའི་འཚོ་རྟེན་དང་། བོད་ཀྱི་ཁོར་ཡུག་ལ་གནོད་པའི་ལས་གཞི་མང་པོ་ཞིག་བརྩམས་དང་རྩོམ་མུས་ཡིན་པར་ངོ་རྒོལ་སྐྱོན་བརྗོད་ནན་པོ་བྱ་རྒྱུ་ཡིན་པར་བརྗོད་འདུག་ལ། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་དཔལ་འབྱོར་གྱི་ཁེ་ཕན་ལ་དམིགས་ཏེ་འཛུགས་བསྐྲུན་ལས་གཞི་འདྲ་མིན་ཞིག་སྤེལ་མུས་དང་། ད་ཐེངས་ཁམས་སྡེ་དགེ་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་གིས་བོད་མིའི་འགྲོ་སྡོད་རང་དབང་ལ་བརྩི་སྲུང་མེད་པར་བཙན་གྱིས་ས་གནས་གཞན་དུ་གནས་སྤོ་རུ་བཅུག་པ་འདི་ནི་དངོས་ཡོད་ཛ་དྲག་གནས་སྟངས་ཀྱི་དཔེ་མཚོན་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དོ་སྣང་ནན་པོ་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་པར་བརྗོད་སོང་། ཛ་དྲག་གི་གནས་སྟངས་སྐབས་སུ་རང་གི་ཚེ་སྲོག་ལ་ཡང་མ་འཛེམས་པར་སྙིང་སྟོབས་ཆེན་པོས་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་དང་གདོང་ལེན་གནང་མཁན་རང་རིགས་སྤུན་ཟླ་རྣམས་ལ་ཡི་རངས་བསྔགས་བརྗོད་དང་། གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་བོད་ནང་གི་དངོས་ཡོད་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་པར་མུ་མཐུད་ནས་དོ་སྣང་དང་། དགྲ་བོ་རྒྱ་དམར་སྲིད་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ངོ་རྒོལ་སྐྱོན་བརྗོད་ནན་པོ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་གནང་སོང་། རྒྱ་ནག་གཞུང་གིས་ཉེ་ཆར་རྒྱལ་སྤྱིའི་ཁྲིམས་ཁང་(International Court of justice)ཟེར་བའི་ནང་གྷ་ཛ་དུ་ཨི་སི་རེལ་དང་པ་ལི་སི་ཐན་བར་གྱི་དམག་འཁྲུག་མཚམས་འཇོག་བྱེད་དགོན་མིན་སྐོར་གྱི་ཚོགས་འདུའི་སྐབས་སུ་རྒྱ་ནག་གཞུང་གི་མགྲིན་ཚབ་པས་པ་ལི་སི་ཐན་མི་མང་རྣམས་ལ་ཕྱི་ཕྱོགས་ཀྱི་བཙན་འཛུལ་འགོག་ཐབས་ཆེད་དུ་རང་ཐག་རང་གཅོད་བྱེད་རྒྱུ་དང་། གོ་མཚོན་གྱི་ཐོག་ནས་འཐབ་འཁྲུག་བྱེད་རྒྱུ་སོགས་ཀྱི་ཐོབ་ཐང་དང་རང་དབང་ཆ་ཚང་ཡོད་རེད་ཅེས་བརྗོད་ཡོད་འདུག་ཀྱང་། བོད་ནང་རང་ཐག་རང་གཅོད་དང་རང་དབང་ངང་རང་གི་ཡུལ་ལུང་སྲུང་བའི་རང་དབང་མེད་པ་རེད།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
