རྒྱ་གར་གྱིས་སངས་རྒྱས་ཀྱི་རིང་བསྲེལ་ལ་བརྟེན་ནས་ནང་པའི་རྒྱལ་ཁབ་ཚོའི་བར་འབྲེལ་ལམ་འཛུགས་པ།

རྒྱ་གར་ནི་ནང་པ་དང་། ཧིན་དུ། གཅེར་བུ་པ། (Sikhism)སེག་བཅས་ཆོས་ལུགས་ཆེན་པོ་བཞིའི་འབྱུང་ཁུངས་ཡིན་པ་དང་། ནང་པའི་ཆོས་ལུགས་ལ་མཚོན་ན་རྒྱ་གར་ནས་དར་རྗེས་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་ནང་དར་ཁྱབ་ཆེན་པོ་ཕྱིན་ཡོད་པ་དང་། ད་ཆར་རྒྱ་གར་གྱིས་ནང་ཆོས་བརྒྱུད་ནས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་དག་དང་ལྷན་དུ་ཕྱི་འབྲེལ་ཡོང་ཐབས་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༥ ཉིན་རྒྱ་གར་གྱི་(Firstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ནི་ཆོས་ལུགས་ཆེན་པོ་བཞིའི་འབྱུང་ཁུངས་ཡིན་པ་དང་། དཔེར་ན། ནང་པ་དང་། ཧིན་དུ། གཅེར་བུ་པ། (Sikhism)སེག་ཆོས་ལུགས་བཅས་ཡིན་ལ། དེ་དག་ལས་ཆོས་ལུགས་ཆེན་པོ་གསུམ་རྒྱ་གར་གྱི་མི་མང་ཁྲོད་དར་ཁྱབ་ཆེན་པོ་ཕྱིན་ཡོད་པ་དང་། ནང་པའི་ཆོས་ལུགས་ནི་རྒྱ་གར་མི་མང་ཁྲོད་གཅིག་པུར་མ་ཡིན་པར། ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་ནང་དར་ཁྱབ་ཆེན་པོ་ཕྱིན་ཡོད་འདུག ནང་པའི་རྒྱལ་ཁབ་བོད་དང་། རྒྱ་ནག སོག་པོ། ཝེ་ཐི་ནམ། ཀམ་བྷོ་ཌི་ཡ། འབར་མ། ཐེ་ལན་ཌི་སོགས་ཀྱི་ནང་དར་ཁྱབ་ཆེན་པོ་ཕྱིན་ནས་རྒྱལ་ཁབ་དེ་དག་ལ་མཚོན་ན་རྒྱ་གར་ནི་རིག་གཞུང་གི་ཡོང་ཁུངས་གལ་ཆེན་ཞིག་རྩི་གི་ཡོད་འདུག་པར་བརྟེན། རྒྱ་གར་གཞུང་གི་ངོས་ནས་ནང་པའི་རྒྱལ་ཁབ་དེ་དག་དང་ལྷན་དུ་ཆོས་ཕྱོགས་ཀྱི་ཐོག་ནས་ཕྱི་འབྲེལ་གྱི་འབྲེལ་ལམ་འཛུགས་ཐབས་བྱེད་བཞིན་ཡོད་འདུག ཕྱི་འབྲེལ་འབྲེལ་ལམ་འཛུགས་ཐབས་ཀྱི་ཁོངས་ནས། བདག་ཅག་གི་སྟོན་པ་བཅོན་ལྡན་འདས་ཀྱི་སྐུ་རུས་ནང་པའི་རྒྱལ་ཁབ་དེ་དག་ནང་གདན་ཞུའི་ལས་འཆར་ཞིག་སྤེལ་བཞིན་ཡོད་འདུག་པ་དང་། རྒྱ་གར་ནང་སངས་རྒྱས་ཀྱི་སྐུ་རུས་དུམ་བུ་ ༢༠ ཡོད་འདུག

དེ་དག་ལས་༤ ཟླ་བ་སྔོན་མའི་ཚེས་༢༢ ཉིན་ཐེ་ལན་ཌིའི་ནང་གདན་ཞུ་གནང་ཡོད་པ་དང་། སྐབས་དེར་ཐེ་ལན་ཌིའི་སྲིད་བློན་གྱིས་བསུ་བ་ཞུས་ཡོད་འདུག དེ་རྗེས་ཐེ་ལན་ཌིའི་རྒྱལ་ས་(Bangkok )བྷན་ཁོག་ནང་དུ་ཡོད་པའི་རྒྱལ་ཁང་གི་མདུན་ཐང་དུ་མི་མང་ལ་མཇལ་ཁ་གནང་ཡོད་འདུག་ལ། དེའི་ཚེ་མི་མང་སྟོང་ཚོ་མང་པོས་མཇལ་ཁ་ཞུས་པ་དང་སྨོན་ལམ་རྒྱག་པ་སོགས་རྒྱ་ཆེན་བྱས་ཡོད་འདུག ཐེངས་འདིར་གསར་ལམ་ཁག་ནས་སྟོན་པ་གཙོ་འཁོར་གསུམ་ཀའི་རིང་བསྲེལ་གདན་འདྲེན་ཞུས་པའི་སྐོར་ཞིག་དང་། སྟོན་པའི་སྐུ་རུས་གདན་འདྲེན་ཞུས་པའི་སྐོར་བཅས་བཤད་ཚུལ་མི་འདྲ་བ་འདུག ཡོང་འགྱུར་གྱི་ཉིན་གྲངས་འགའ་ཤས་ནང་ཐེ་ལན་ཌིའི་གྲོང་ཁྱེར་(Chiang Mai )དང་(Ubon)དང་ (Ratchathani) དང་(Karbi)བཅས་ལ་ཉིན་གྲངས་༢༦ རིང་ཐེ་ལན་ཌི་ནང་ཁུལ་དུ་གདན་འདྲེན་གྱིས་མི་མང་ལ་མཇལ་ཁ་གནང་འཆར་ཡོད་འདུག་པ་དང་།

ཟླ་བ་འདིའི་ཕྱི་ཚེས་༡༩ ཉིན་གདན་འདྲེན་དང་མཇལ་ཁའི་མཇུག་བསྡུ་རྒྱུ་ཡིན་འདུག དེ་སྔོན་ཟླ་བ་འགའི་རིང་སངས་རྒྱས་ཀྱི་སྐུ་རུས་སམ་རིང་བསྲེལ་སོག་པོ་དང་། ཤྲི་ལིང་ཀ སིང་ག་པོར། ལྷོ་ཀོ་རི་ཡ་སོགས་ཀྱི་ནང་གདན་འདྲེན་ཞུས་འདུག་ཅིང་། ཐེངས་འདིར་སངས་རྒྱས་ཀྱི་རིང་བསྲེལ་གདན་ཞུས་དེ་ཡང་རྒྱ་གར་དང་ནང་པའི་རྒྱལ་ཁབ་དེ་དག་བར་སྲིད་དོན་དང་། རིག་གཞུང་། དཔལ་འབྱོར་སོགས་ཀྱི་ཐོག་ནས་འབྲེལ་ལམ་ཡོང་ཐབས་ཆེད་དུ་ཡིན་འདུག རྒྱ་གར་ནང་དུ་ནང་པའི་གནས་ཆེན་མང་པོ་ཡོད་པར་བརྟེན། ནང་པའི་རྒྱལ་ཁབ་འདྲ་མིན་ནས་གནས་དེ་དག་ལ་གནས་མཇལ་ཡོང་མཁན་ཧ་ཅང་མང་པོ་ཡོད་འདུག་ལ། དེའི་ཐོག་ནས་རྒྱ་གར་ནང་དཔལ་འབྱོར་གྱི་ཡོང་འབབ་ཡོད་པ་དང་། ནང་པའི་རྒྱལ་ཁབ་ཚོའི་མི་མང་རྣམས་ཀྱི་ཆོས་ཕྱོགས་དད་པ་ལ་བརྟེན་ནས་རྒྱ་གར་དང་བློ་ཐག་ཉེ་བོ་ཡོང་ཐབས་གལ་ཆེན་ཞིག་ཆགས་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།