སེམས་འཕྲིན་ཆུ་འཛིན་དཀར་པོའི་འཛུམ་ཟེར།
དམར་སེར་མཚམས་སྤྲིན་འཁྲིགས་པའི་སློབ་གླིང་ཆེན་མོ།།
ལུང་རིག་སྒྲ་བརྒྱ་ལྡིར་བའི་ཞི་བདེའི་ཕ་ཁྱིམ།།
ཕུགས་བསམ་རླུང་གིས་ཁུར་བའི་ཁེར་རྐྱང་ལྡོམ་བུའི།།
དེ་རིང་དྲན་པའི་མིག་ཆུ་པང་ལ་འཐོར་སོང་།།
དུད་སྤྲིན་ཟོལ་གྱིས་འཁྲིགས་སའི་གྲུ་ཁ་ཞིག་ནས།།
ཕ་ཁྱིམ་ཤེས་རིག་མགོ་ལྕོག་དར་གྱིས་ལྡེམ་ས།།
སྤྲང་པོ་རྒྱལ་ཁམས་ང་ཡི་དྲན་པའི་ལོ་ཟླ།།
དེ་རིང་དྲན་པའི་གཞི་མ་ས་ལ་འཐོར་སོང་།།
སེམས་ཀྱི་འཆར་ཡན་རྒོད་པོའི་རྟོག་འགྱུ་རེ་རེས།།
སྐྱོ་སྣང་ན་བུན་ནག་པོ་སྙིང་ལ་བསྐྲུན་པ།།
རི་གྲོང་འདི་ལ་བཞག་པའི་ལོ་ཟླ་སྐྱུར་མོ།།
རྡ་སའི་རི་གྲོང་འདི་ནས་གླེང་དགོས་ཤོར་སོང་།།
ཤེས་འཇོན་ཐོབ་དང་བྲལ་བའི་གསེར་རྟའི་ཅང་མེད།།
ནོར་དང་དབང་ཐང་བྲལ་བའི་ཅོལ་ཆུང་བུ་ང་།།
ཕ་ས་པང་ནས་བཞག་པའི་ཧི་མ་ཅལ་ན།།
སྦྱང་བརྩོན་མྱུ་གུ་མ་འབུས་ལེ་ལོས་ངང་ན།།
གསེར་ལྗོངས་ཆོས་ཀྱི་གྲོང་ཁྱེར་སེམས་ལ་དྲན་ནོ།།
རྒྱལ་བསྟན་ཡོངས་ཀྱི་བདག་པོ་སྙིང་གི་མུན་སེལ།།
གངས་རིའི་སྲོག་མཁར་འཛིན་པའི་རིག་པའི་དཔུང་རྒྱན།།
ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་དམ་པའི།།
གདན་ས་བླ་མ་རུང་གི་མཛད་འཕྲིན་དྲན་ནོ།།
འཆད་རྩོད་རྩོམ་པའི་རིས་མེད་ནང་བསྟན་སློབ་གྲྭ།།
ཐོས་བསམ་སྒོམ་པའི་གཞན་དོན་ལྷོད་མེད་བྱེད་ས།།
ཚན་རྩལ་རྩིས་དངོས་རྣམ་དཔྱོད་ཐོག་མེད་འབར་ས།།
ཆོས་ཀྱི་གྲོང་ཁྱེར་ཆེན་མོ་བར་མེད་དྲན་ནོ།།
ཉེ་ལམ་རྫོགས་པ་ཆེན་པོའི་མན་ངག་ཟབ་ཁྲིད།།
བརྩེ་ཆེན་འཁོར་སློབ་ཡོངས་ལ་ཡང་ཡང་གནང་བ།།
ཕ་གཅིག་བྱམས་ཆེན་བླ་མའི་བྱམས་སྐྱོང་དྲན་ནོ།།
དེ་རིང་ས་མཐར་འདི་ནས་ལྷག་པར་དྲན་ནོ།།
ཁ་བ་དཀར་པོའི་རིག་གཞུང་ཕང་སེམས་བྱེད་དགོས།།
དྲང་བདེན་ལྷག་བསམ་ཕྱོགས་ལ་བློ་ཁ་ཕྱོགས་དགོས།།
མགོན་མེད་ཉམ་ཆུང་སེམས་ཅན་བྱམས་བརྩེས་སྐྱོང་དགོས།།
ཞེས་གསུངས་བཀའ་སློབ་རིན་ཐང་སྙིང་ལ་དོད་སོང་།།
བསྟན་འཛིན་བྱེ་བའི་དབུས་ན་མངོན་པར་མཐོ་བ།།
འདུལ་ཁྲིམས་དཔག་བསམ་ལྗོན་པའི་ཡལ་འདབ་ལྡེམ་བཞིན།
རྟོག་པའི་མན་ངག་ཟབ་མོའི་དྲོད་ཚད་རྫོགས་པའི།
སྐད་གཉིས་སྨྲ་བའི་ལོ་ཙྭ་གཡུ་སྟག་མཚན་ཅན།།
ཉམ་ཆུང་རྗེས་སུ་བཟུང་བའི་བཀའ་དྲིན་དྲན་ནོ།།
སྔོ་ལྗང་ནེམ་ཤ་རྒྱས་པའི་འཛུ་ཆེན་མདོ་ནས།།
བརྩེ་སེམས་གཅིག་ཏུ་བསྡེབས་པའི་ཆོས་མཐུན་གྲོགས་རྣམས།།
དགྱེས་འཛོམས་བག་ཕེབ་ཁྲོད་ནས་དགོད་སྒྲ་རེ་རེ།།
ད་དུང་སྙིང་གི་དཀྱིལ་ན་འབུར་དུ་དོད་འདུག།
མེ་ཏོག་སྣ་མང་བཞད་སའི་སྨོན་ལམ་ལ་ཁར།།
ཞེ་ཕུགས་འོད་ཀྱིས་ཁེངས་སའི་ཆོས་གྲོགས་རྣམས་དང་།
སྤྲོ་སྐྱིད་ཡོ་ལང་འཁྲིགས་པའི་དགོད་སྒྲ་རེ་རེ།།
ད་དུང་སྙིང་གི་དཀྱིལ་ན་ཀྲོང་ངེར་འགྱིང་ཡོད།།
གསེར་ཆུ་དལ་གྱིས་བཞུར་སའི་འགྲམ་ངོགས་འདི་ནས།།
ཞིམ་མངར་སྣ་མང་ཟས་ལ་བར་མེད་རོལ་ཏེ།།
བཅོས་མིན་འཛུམ་གྱིས་རི་མོ་སེམས་ལ་བྲིས་པ།།
འཕག་འཚག་བཞད་གད་སློང་བའི་རོལ་རྩེད་དྲན་སོང་།
རྟ་རྣ་གཟིག་རྣ་ཉུལ་བའི་སྤྲོ་སྐྱིད་གུང་སེང་།།
མཚོ་དང་མཚེའུ་འགྲམ་ནས་ཆུ་རྩེད་བྱས་པ།།
གཡའ་བྲག་རྫ་སྤང་མཛེས་སྟུག་མིག་ལ་བགོད་དེ།།
ཚོན་མདོག་འདྲ་དཔར་བླངས་པ་ད་དུང་བརྗེད་མེད།།
ཁྲི་ཤོང་ཀུན་དགའ་ར་བའི་རྡོ་བཅལ་ངོགས་ནས།།
ཐལ་ངག་འབྲུག་སྟོང་ལྡིར་བའི་འུར་ཟིང་ཁྲོད་ནས།།
ཉམས་འགྱུར་ལུང་རིག་འཁྱུག་པའི་བཟི་ཁ་དྲོན་མོ།།
ད་དུང་བྲོ་བ་མྱོང་འདོད་སེམས་ལ་སྒུམ་ཡོད།།
གསེར་ལྡན་མཚན་སྙན་བརྗིད་སའི་སྒོ་རྒན་ཐང་ནས།།
དགའ་སྐྱོའི་མིག་ཆུ་བཞུར་བའི་ལོ་རྒྱུས་རིང་མོ།།
སུ་དང་གང་ལ་མ་ལབ་སེམས་ན་གབ་པ།།
སླར་ཡང་འུ་ཅག་འཕྲད་ཉིན་ལབ་གླེང་བྱེད་ཆོག།
འཛམ་གླིང་སྤྱི་བསང་ཚེས་པའི་ཉིན་མོ་ཞིག་ལ།།
འུ་ཅག་ཉམས་རུབ་བྱས་ཏེ་ལྷ་རིའི་རྩེ་ལ།།
གེ་སར་རླུང་རྟ་བཙུགས་ཏེ་ལྷ་བསང་རིང་མོ།།
ལྷ་རི་མཐོན་པོའི་རྩེ་ནས་གྱེར་བ་དྲན་ནམ།།
སྣ་ལྔའི་རླུང་རྟ་་སྒམ་སྒམ་མཁའ་ལ་གཏོར་ཏེ།།
སྙན་པའི་རླུང་རྟ་དར་བའི་ཀི་ཀི་བསྭོ་བསྭོ།།
རི་གསུམ་རྩེ་ནས་བླངས་པའི་ཀི་སྒྲ་སྙན་མོ།།
སྒྲ་འཛིན་བུ་གའི་གམ་ན་ད་དུང་ཡལ་མེད།།
སྒྲོ་བཏགས་དྲི་མའི་མ་དཀྲིས་སེམས་ཚོར་རྣོན་པོ།།
ཤར་ནུབ་ཁྱི་བཞིན་ཉུལ་བའི་གསེར་རྟའི་བུ་ངས།།
རྩིས་འཕྲུལ་སྒམ་ཆུང་ངོས་ལ་གཟུགས་རེ་ཕབ་སྟེ།།
སོར་མོའི་རྩེ་ནས་ཕྱིར་དྲན་ཆེད་དུ་བགོད་ཤོར།།
གསེར་ལྗོངས་བླ་མ་རུང་གི་ཆོས་གྲྭ་འདི་ལ།།
སླར་ཡང་ཆོས་གྲོགས་རྣམས་དང་མཉམ་འཛོམས་བྱུང་ནས།།
དགའ་དད་སྤྲོ་གསུམ་ངང་ནས་བཞད་སྒྲ་ཆེམ་ཆེམ།།
སང་གི་ཉིན་མོ་མྱོང་བའི་རྟེན་འབྲེལ་ཞུའོ།།
ཕ་ཡུལ་གངས་རི་ལ་བརྩེ་བ་ཟབ་པའི་ཤེས་མེད་ཨོ་ལོ་གསེར་རྟའི་འཁྱམ་པོ་དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་བཏགས་མིང་ལ་གསེར་འབྲོང་སྲས་སུ་ འབོད་པས་རང་རེ་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་ཏྲུས་པ་རོ་ཏྲུའི་དཀྱིལ་གྲོང་ནས་སྐྱོ་སྣང་གི་ན་བུན་སབ་སིབ་དེ་དབྱངས་གསལ་ཡིག་གིས་ལམ་དུ་བགྱིས་པའོ།། ༢༠༡༡ ༨ ༡༠
