གསུམ་བཅུའི་དུས་དྲན་ཆེད་རྒྱལ་ཁབ་དང་གྲོང་སྡེ་གཞན་གྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས།

བོད་མིའི་སྒེར་ལངས་ཐེངས་༦༥ ་པའི་དུས་དྲན་སྲུང་བརྩི་དང་འབྲེལ། འཛམ་གླིང་ས་གནས་གང་སར་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་བོད་དོན་གྱི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་ཁང་སྟེང་གི་བོད་ཀྱི་རྒྱལ་དར།

ཟླ་འདིའི་ཚེས་༩ ་ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་ཁང་སྟེང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཤིང་། གནས་ཚུལ་དེ་དང་འབྲེལ་ཅེག་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་ཚོགས་གཙོས། དེ་རིང་གྲོས་ཚོགས་ཁང་ཆེན་མོའི་ཐོག་བོད་ཀྱི་དར་ཆ་ཞིག་ལྷབ་ལྷུབ་ཏུ་གཡོ་བ་ནི་ཕྱི་ལོ་༡༩༥༩ ལོའི་བོད་མི་རྣམས་ཀྱི་སྒེར་ལངས་ལ་རྒྱ་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་དྲན་སྐུལ་བྱས་པ་ཡིན་ཞེས་དང་། བོད་མི་ཚོས་ཉིན་ལྟར་རྒྱ་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་འཆར་གཞི་ལྡན་པའི་ཐོག་གཏོར་བཤིག་བཏང་བའི་འཚོ་གནས་དང་རིག་གཞུང་ཉར་ཚགས་ཐོག་འཐབ་རྩོད་བྱེད་བཞིན་ཡོད་པ་དང་། ངས་ཁོང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ཁོང་གིས་སོ་སོའི་ངོ་དེབ་ཐོག་ཏུ་སྤེལ་འདུག

དེ་བཞིན་ཚེས་༩ ་ཉིན་གྱི་ཞོགས་པ་ཨ་རིའི་ནིའུ་འཇར་སིས་མངའ་སྡེའི་ཤར་ཕྱོགས་རཱ་དར་ཧྥོར་(East Rutherford) ་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་པས། ཐེངས་དང་པོ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པས་བོད་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་གནས་ཐབས་ཆེད་རྒྱབ་སྐྱོར་ཡོད་པའི་སྐོར་སོགས་གཏམ་བཤད་གནང་ཡོད་འདུག བོད་ཀྱི་རྒྱལ་དར་དེ་ཉིན་བདུན་རིང་འཇོག་རྒྱུ་ཡིན་པ་དང་ལོ་ལྟར་སྒྲེང་འཛུགས་བྱེད་རྒྱུ་རེད་འདུག སྐབས་དེར་ནིའུ་ཡོག་ནིའུ་འཇར་སིས་ཀྱི་མི་མང་༥༠༠ ལྷག་མཛད་སྒོ་དེར་དགའ་སྤོབས་ཆེན་པོས་མཉམ་བཞུགས་གནང་འདུག

གཞན་ཡང་ཟླ་འདིའི་ཚེས་༦ ་ཉིན་ཨ་རིའི་ཁ་ལི་ཧྥོ་ནེ་ཡའི་མངའ་སྡེའི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་དབུ་བཞུགས་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་མ་ཟད། ཉིན་དེར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ཁུལ་གྱི་(Royal Borough of Greenwich) ་གྲོང་སྡེ་ལྷན་ཁང་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་འདུག

པར། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ།

ཟླ་འདིའི་ཚེས་༧ ཉིན་འཇར་མ་ནིའི་ནང་རྟེན་གཞི་བྱས་པའི་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Tibet Initiative Deutschland) ་ངོ་དེབ་ཐོག་ཏུ་གསལ་བསྒྲགས་སྤེལ་གསལ་ལྟར་ན། ལོ་འདིའི་གསུམ་བཅུའི་དུས་དྲན་ཉིན་འཇར་མན་ནང་གི་གྲོང་ཁྱེར་དང་རྫོང་བཅས་༤༥༠ ་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐོག་ལ་གོ་རྟོགས་སྤེལ་རྒྱུ་དང་འཇར་མན་དུ་ཐོན་པའི་རྒྱ་ནག་གི་ཤུགས་རྐྱེན་ལ་ངོ་རྒོལ་བྱེད་རྒྱུ་ཡིན་འདུག

གཞན་ཡང་ཉེ་ཆར་སྦེལ་ཇམ་གྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་གྱིས་ཕྷ་རན་སིའི་གྲོང་ཁྱེར་དང་གྲོང་སྡེ་༦༧༦ ་དང་། སྦེལ་ཇམ་ཁྱབ་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་སྡེ་༥༥ ། དེ་བཞིན་ལག་ཛེམ་བྷག་(Luxembourg) ་གི་གྲོང་ཁྱེར་དང་གྲོང་སྡེ་༤༠ ་བཅས་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་ཡོད་པ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ལ་གསུངས་འདུག།

གསར་འགོད་པ་བློ་བཟང་རྒྱ་མཚོ།