ཚོར་བའི་ཤུགས་རིང་ནར་མོ།
རྒྱ་གར་གྱི་རྒྱལ་ས་ཆེན་མོ།།
མ་ཇུའི་ཡི་ཏྲུ་ལའི་འགྲམ་ནས།།
དགའ་སྐྱིད་ཀྱི་ཞལ་རིས་འཛུམ་སྟེ།།
མདངས་དགོང་ལ་ལྷན་འཛོམས་བྱུང་སོང་།།
སེམས་སྡུག་གི་སྐྱོ་གླུ་འཐེན་ས།།
ཀྱག་ཀྱོག་གི་ལམ་བུ་མགྲིམས་ས།།
གྲོགས་འུ་གཉིས་ཀྱི་ས་མཐའ་འདི་ནས།།
དགའ་སྐྱོ་ཡི་གླེང་མོར་ཤོར་སོང་།།
ཉག་ཆུ་ཡི་ཁེར་རྐྱང་བུ་ལོ།།
གསེར་ལྡོམ་གྱི་མི་སྨྱོན་མཉམ་དུ།།
གྷི་རིན་གྱི་མགྲོན་ཁང་ནང་དུ།།
ཞལ་འཛོམས་དེ་ལྷན་དུ་བྱུང་སོང་།།
བརྩེ་ལྡན་གི་གྲོགས་པོ་ངེད་གཉིས།།
དེ་རིང་ལ་ལྷན་འཛོསམ་བྱུང་ཡང་།།
སང་དགོང་དེ་བྲལ་བའི་དུས་རེད།།
སྐྱོ་གདུང་གི་འཇིག་རྟེན་འདི་རེད།།
བྱམས་ལྡན་གྱི་གྲོགས་པོ་ཁྱེད་ཀྱི།།
ཕུགས་བསམ་དེ་ཆོས་ལ་བསྐྱལ་དང་།།
རིན་ཐང་གི་མི་ཚེ་འདི་ཡི།།
ཞི་བདེ་ཡི་འཚོལ་ལམ་བསྙེག་འགྲོ།།
དེ་རིང་གི་སྙན་རྩོམ་ནར་མོ།།
ཉམ་ཆུང་གི་ཚབ་ཏུ་སྦྲིང་པ།།
འཛུམ་དཀར་གྱི་ངོགས་ནས་བཞེས་རོགས།།
གྱེས་བྲལ་གྱི་ཕྱག་སྟེགས་འདི་ཡིན།།
ཁེར་རྐྱང་གི་ལྡོམ་བུ་སྨྱོན་པ།།
ངེས་མེད་ཀྱི་ཡུལ་གྲུ་མགྲིམ་ཡང་།།
ཞེ་མཐུན་གྱི་ཆོས་གྲོགས་ཁྱེད་རང་།།
བརྗེད་པ་ཡི་དཔེ་ཞིག་མི་སྲིད།།
དེ་རིང་གི་སེམས་ཚོར་རྣོན་པོ།།
ཚོན་མདོག་གི་རྨི་ལམ་ཞིང་ལ།།
མདངས་སུམ་ནི་སླར་ཡང་འཁྲུངས་སོང་།།
ཤོག་སྟེང་ལ་སྙུག་རྩེས་ཕབ་ཤོར།།
རྟོག་བཏགས་ཀྱི་གནམ་འོག་འདི་ནས།།
འུར་ཟིང་གི་གྲོང་ཚོ་དཀྲོགས་དེ།།
མི་ཡུལ་ལ་ཆག་གྲུམ་བཟོས་པ།།
ན་ཟུག་གི་ལུས་གཅོང་འདི་རེད།།
དགའ་སྐྱོ་ཡི་རྦ་རླབས་ལྡང་སྐབས།།
སྐྱོ་གདུང་གི་མིག་ཆུ་སྐྱོམ་སྟེ།།
རུས་གསང་ལ་ཕོག་པའི་ཚོར་བ།།
ཕྱིར་དྲན་གྱི་ཆེད་དུ་བྲིས་སོ།།
མདོ་ཁམས་ཀྱི་མུ་ཏོ་བུ་ང་།།
རེ་སྒུག་གི་ཁུར་ཤིང་ལྕི་ཨང་།
མི་ཡུལ་ནས་ལྷག་དགོས་བྱུང་ཡང་།།
གྲོགས་དག་གི་བརྩེ་དུངས་མི་བརྗེད།།
ཁྲ་ཆེམ་གྱི་གློག་སྒྲོན་ངོགས་ནས།།
ཚ་གྲང་གི་མྱོང་ཚོར་དམར་རྗེན།།
གྲོགས་དག་ལ་གླེང་མོར་བྱེད་བཞིན།།
ཁ་ཐུག་ལ་བྲིས་པ་ལགས་སོ།།
ཁམས་ལི་ཐང་ནས་ཕེབས་པའི་སློབ་གྲོགས་བྱམས་པ་དང་ངེད་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ལྷན་འཛོམ་བྱུང་སྐབས་ཕྲན་གྱི་མྱོང་ཚོར་འགའ་ཞིག་ལུགས་གཉིས་ཀྱི་ཆ་གང་ཡང་མ་མཆིས་པའི་ཕ་ས་དང་ཞོ་རྩམ་ལ་དུང་བའི་གསེར་རྟའི་ཡུལ་གྱར་པ་དཔལ་ཤུལ་བསོད་ནམས་ ཕུན་ཚོགས་སམ་བཏགས་མིང་ལ་གསེར་འབྲོང་སྲས་སུ་འབོད་པས་གྲང་ཤུལ་ཤུལ་གྱི་ཚོར་གདུང་དམར་རྗེན་མ་ཕྱིར་དྲན་ཆེད་དུ་སུག་བྲིས་སོ།། 2011/4/12
