རྒྱ་གར་གྱིས་ཧིན་བོད་ས་མཚམས་སུ་དམག་མི་༡༠༠༠༠ ཁ་སྣོན་དུ་བཏང་ཡོད་འདུག

ཧིན་བོད་ས་མཚམས་སུ་ད་བར་རྒྱ་གར་གྱི་དམག་མི་དང་རྒྱ་ནག་གི་དམག་མིའི་བར་ཡང་ཡང་གདོང་ཐུག་འབྱུང་གི་ཡོད་པ་དང་། དེ་སྔོན་གདོང་ཐུག་བྱུང་ནས་རྒྱ་གར་གྱི་དམག་མི་༢༠ དང་རྒྱ་ནག་གི་དམག་མི་༤༠ ཙམ་གྱི་སྲོག་ཤོར་ཡོད་པར་བརྟེན། ཉེ་ཆར་རྒྱ་གར་གཞུང་གིས་ཧིན་བོད་གཉིས་ཀྱི་ས་མཚམས་སུ་དམག་མི་༡༠༠༠༠ ཁ་སྣོན་བཏང་ཡོད་འདུག་ལ། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་བརྗོད་དོན་ལ་ད་ལྟའི་ཧིན་བོད་ས་མཚམས་ཀྱི་གནས་སྟངས་བརྟན་བརླིང་ཡིན་ཡང་། རྒྱུན་ལྡན་མ་རེད་ཅེས་བརྗོད་འདུག
ཕྱི་ཚེས་༩ ཉིན་རྒྱ་གར་གྱི་དཔལ་འབྱོར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན།
ཉེ་ཆར་རྒྱ་གར་གྱིས་ཧིན་བོད་ས་མཚམས་སུ་རྒྱ་གར་གྱི་དམག་མི་༡༠༠༠༠ ཁ་སྣོན་བཏང་ཡོད་འདུག་པ་དང་། དེ་ཡང་རྒྱ་གར་གྱི་མངའ་སྡེ་ཧི་མ་ཅལ་དང་ཨུ་ཏར་ཁན་གཉིས་ཀྱི་ས་མཚམས་སུ་བཏང་ཡོད་འདུག རྒྱ་གར་གྱི་དམག་སྤྱི་མིང་བརྗོད་འདོད་མེད་པ་ཞིག་གིས་བརྗོད་དོན། ད་ལྟ་རྒྱ་གར་གྱི་དམག་མི་༡༠༠༠༠ ཙམ་ཧིན་བོད་ས་མཚམས་སུ་བཏང་བ་དེ་རྒྱ་མིའི་དམག་མིའི་བཙན་བཟུང་འགོག་ཐབས་ཆེད་དུ་བཏང་བ་ཡིན་པ་དང་། ཧི་མ་ཅལ་དང་ཨུ་ཏར་ཁན་མངའ་སྡེ་དེ་གཉིས་ནས་ཁྱོན་སྤྱི་ལེ་༥༣༢ ཙམ་བོད་དང་ས་འདྲེས་སམ་ས་མཚམས་ཡིན་པར་བརྟེན། ས་ཁུལ་དེའི་ནང་གཏན་སྡོད་བྱེད་མཁན་རྒྱ་གར་གྱི་དམག་མི་༩༠༠༠ ཡོད་འདུག་ལ། དེའི་ཐོག་ཐེངས་འདིར་དམག་མི་༡༠༠༠༠ ཁ་སྣོན་བཏང་ཡོད་འདུག རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(Jaishankar)ཡིས་ད་ལྟའི་ཆར་ས་མཚམས་སུ་བརྟན་བརླིང་ཡོད་ཀྱང་། རྒྱུན་ལྡན་ལྟར་མ་རེད་ཅེས་རྒྱ་གར་གྱི་(Firstpost)གསར་ཁང་ལ་བརྗོད་འདུག རྒྱ་གར་གྱི་བདེ་སྲུང་ལྷན་ཁང་ནས་བརྗོད་དོན་ལ། རྒྱ་གར་གྱི་འགོ་ཁྲིད་ཚོས་ཧིན་བོད་ས་མཚམས་སུ་རྒྱ་གར་གྱི་དམག་དཔུང་གཏོང་རྒྱུ་གལ་ཆེན་ཡིན་པ་མཐོང་ཡོད་ཚུལ་དང་། དེ་ཡང་གནམ་དམག་དང་རྐང་དམག་གཉིས་ཀའི་ཐོག་ནས་ས་མཚམས་སྲུང་རྒྱུ་ཡིན་འདུག རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་གཞུང་བཟུང་བ་ནས་ཧི་མ་ལ་ཡའི་མངའ་ཁུལ་དུ་འཛུགས་སྐྲུན་ལས་གཞི་རྒྱ་ཆེན་སྤེལ་ཡོད་པར་བརྗོད་འདུག་ལ། ཧི་མ་ལ་ཡ་ནི་རྒྱ་གར་ལ་མཚོན་ན་གནས་རི་གལ་ཆེན་མང་པོ་ཞིག་ཡོད་པའི་ས་ཁུལ་ཞིག་ཡིན་པར་བརྟེན། རྒྱ་གར་གྱི་སྲིད་བློན་གྱིས་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཞིག་ལ་བཟོ་ཐབས་བྱེད་བཞིན་ཡོད་འདུག ཕྱི་ལོ་༢༠༢༠ ནང་རྒྱ་གར་དང་རྒྱ་ནག་གི་དམག་མིའི་བར་གདོང་ཐུག་ཤོར་ནས་རྒྱ་གར་གྱི་དམག་མི་༢༠ དང་རྒྱ་མིའི་དམག་མི་༤༠ ཙམ་ཤི་རྨས་བྱུང་རྗེས། རྒྱ་གར་གྱིས་ཁྱོན་དམག་མི་༥༠༠༠༠ ཙམ་ས་ཁུལ་དེའི་ནང་བཏང་ཡོད་འདུག ད་ཆར་ཧིན་བོད་ས་མཚམས་སུ་དམག་མི་འབོར་ཆེན་སྒྲིག་འཇོག་བྱེད་བཞིན་ཡོད་འདུག་པ་དང་། དེ་བཞིན་ཕྱོགས་གཉིས་ཀའི་དམག་གི་རྟེན་གཞི་རྒྱ་ཆེན་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག རྒྱ་གར་གྱི་བདེ་སྲུང་དྲུང་ཆེ་(Giridhar Aramane)ཡིས་མ་འོངས་པར་བསྐྱར་དུ་ཕྱི་ལོ་༢༠༢༠ ནང་བཞིན་རྒྱ་དཀར་ནག་གི་དམག་དཔུང་བར་གདོང་ཐུག་ཤོར་རྒྱུའི་ཉེན་ཁ་ཡོད་པར་བརྗོད་འདུག ད་བར་རྒྱ་གར་དང་རྒྱ་ནག་བར་གྲོས་མོལ་ཐེངས་༢༡ ཙམ་བྱས་ཡོད་ཀྱང་ཕན་འབྲས་དེ་ཙམ་ཐོན་ཐུབ་ཡོད་མི་འདུག དེ་ལས་ལྡོག་སྟེ་ས་མཚམས་སུ་ཕྱོགས་གཉིས་ནས་དམག་མི་ཇེ་མང་དང་དམག་གི་རྟེན་གཞི་སྔར་ལས་ཇེ་མང་དུ་གཏོང་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།

 
							