རྒྱ་ནག་གི་གསར་འགོད་པ་བུད་མེད་གཅིག་སི་ཝེ་ཌན་ནས་གཏན་དུ་ཕྱིར་འཕུད་བཏང་འདུག

ཟླ་འདིའི་ཚེས་༨ ་ཉིན་(AP) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སི་ཝེ་ཌན་གཞུང་གིས་རྒྱ་ནག་གི་གསར་འགོད་པ་ཞིག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ཡིན་པར་བརྗོད་ནས་ཕྱིར་འབུད་བཏང་སྟེ་སི་ཝེ་ཌན་ལ་ཡོང་མི་ཆོག་པ་བཟོས་ཡོད་འདུག

བདུན་འདིའི་རེས་གཟའ་ཟླ་བའི་ཉིན་སི་ཝེ་ཌན་གྱི་གསར་འགོད་པ་ཚོས། སི་ཝེ་ཌན་གཞུང་གིས་རྒྱ་ནག་གི་གསར་འགོད་པ་བུད་མེད་ཅིག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ཡིན་པར་བརྗོད་ནས་ཕྱིར་འབུད་བཏང་ཡོད་པར་བརྗོད་འདུག

གསར་འགོད་པའི་མིང་བརྗོད་མེད་ཀྱང་། ལོ་ན་༥༧ ་ཡིན་པའི་རྒྱ་ནག་གི་བུད་མེད་གསར་འགོད་པ་དེ། ན་ནིང་ཕྱི་ཟླ་༡༠ ་པའི་ནང་སི་ཝེ་ཌན་གྱི་བདེ་འཇགས་མི་སྣས་འཛིན་བཟུང་བྱས་རྗེས་ལོ་འདིའི་བདུན་ཕྲག་སྔོན་མའི་ནང་བུད་མེད་དེ་རྒྱ་ནག་ལ་ཕྱིར་འབུད་བཏང་སྟེ་སླར་ཡང་སི་ཝེ་ཌན་ལ་ཡོང་མི་ཆོག་པ་བཟོས་ཡོད་འདུག

བུད་མེད་གསར་འགོད་པ་དེ་ལོ་ངོ་ཉི་ཤུའི་གོང་དུ་སི་ཝེ་ཌན་ལ་བསླེབས་ཡོད་པ་དང་མོ་ལ་གནས་སྡོད་ཆོག་པའི་ལག་འཁྱེར་ཡོད་པ་མ་ཟད། སི་ཝེ་ཌན་གྱི་སྐྱེས་པ་ཞིག་དང་གཉེན་སྒྲིག་བྱས་ནས་ཁོང་གཉིས་ལ་ཕྲུ་གུ་ཞིག་ཀྱང་ཡོད་འདུག

བུད་མེད་དེ་རྒྱ་ནག་གཞུང་ཚབ་ཁང་དང་སི་ཝེ་ཌན་ནང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་མི་སྣ་ཚོ་དང་འབྲེལ་བ་བྱས་ཡོད་པ་མ་ཟད། ཌེན་མག་དང་ཧྥིན་ལན་ཌི། དེ་བཞིན་ཨེ་སི་ལན་ཌི་བཅས་རྒྱལ་ཁབ་ཁག་ཅིག་ནས་ཀྱང་གསར་འགྱུར་སྤེལ་མྱོང་ཡོད་འདུག

སི་ཝེ་ཌན་གཞུང་གིས་མོའི་མིང་བརྗོད་མེད་ཀྱང་(KINAMEDIA) ཞེས་པའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། བུད་མེད་དེའི་མིང་ལ་(Xuefei Chen) ཟེར་གྱི་ཡོད་པ་དང་ལྗང་མདོག་(Green Post) ཅེས་པའི་དྲ་ཐོག་གསར་འགྱུར་གྱི་རྩོམ་སྒྲིག་པ་ཡིན་འདུག བུད་མེད་དེས་རྒྱ་ནག་གི་གཞུང་ཚབ་ཁང་དང་རྒྱ་ནག་གི་གསང་བའི་ལས་བྱེད་ཁག་ཅིག་དང་མཉམ་ལས་བྱེད་ཀྱི་ཡོད་པ་མ་ཟད་གསར་ཁང་དེས་སྤེལ་བའི་གསར་འགྱུར་ཁག་ཅིག་ལ་རྒྱ་ནག་གཞུང་ཚབ་ཁང་གིས་དངུལ་སྤྲད་ཡོད་པ་ན་ནིང་སི་ཝེ་ཌན་གཞུང་གིས་བཏོན་པའི་སྙན་ཐོའི་ནང་གསལ་ཡོད་འདུག དེ་བཞིན་བུད་མེད་དེས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་ཚོང་པ་སོགས་སི་ཝེ་ཌན་ལ་སྣེ་ལེན་བྱས་པ་དང་རྒྱ་ནག་གི་དྲིལ་བསྒྲགས་ལྟར། ཤར་ཏུ་ཀི་སི་ཐན་གྱི་ཐོག་ལ་པར་རིས་འགྲེམ་སྤེལ་དང་རིག་གཞུང་གི་མཛད་སྒོ་སྣ་ཚོགས་གོ་སྒྲིག་བྱས་ཡོད་འདུག

རྒྱ་ནག་དང་སི་ཝེ་ཌན་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཕྱིན་ནས་ལོ་མང་ཕྱིན་པ་དང་ལྷག་པར་དུ་ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གི་ཤར་ཕྱོགས་ཁྲིམས་ཁང་ཞིག་གིས་རྒྱ་ནག་ཏུ་སྐྱེས་པའི་སི་ཝེ་ཌན་གྱི་མི་སེར་(Gui Minhai) ་ཟེར་བས་དམར་ཤོག་ཚོགས་པ་ལ་སྐྱོན་བརྗོད་ཀྱི་དཔེ་དེབ་འཚོང་རྒྱུ་བྱས་པར་བརྟེན། ཁོ་ལ་ཁྲིམས་འགལ་གྱིས་ཕྱི་རྒྱལ་ལ་གསང་འཕྲིན་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་ལོ་ངོ་བཅུ་བཙོན་འཇུག་གིས་ཁྲིམས་ཐག་བཅད་ཡོད་འདུག

ཁོང་ཉིད་ཐོག་མ་ཕྱི་ལོ་༢༠༡༥ ་ལོ་ཐེ་ལན་ཌིའི་མཚོ་འགྲམ་གྱི་ཁྱིམ་ཚང་ཞིག་ནས་རྒྱ་མིའི་གསང་མྱུལ་བས་བཙན་ཁྲིད་བྱས་པར་ཡིད་ཆེས་བྱས་ཡོད་འདུག།རྒྱ་ནག་གཞུང་གིས་སི་ཝེ་ཌན་གཞུང་ནས་ཁོང་ཉིད་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ལ་སྐྱོན་བརྗོད་བྱས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།