ཨ་རིའི་སློབ་ཆེན་༢༠ ་ཙམ་གྱི་ནང་སློབ་ཕྲུག་ཚོས་གྷ་རྫའི་དམག་འཁྲུག་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ།
ཟླ་འདིའི་ཚེས་༢༩ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་མཐོ་སློབ་མང་པོའི་ནང་སློབ་ཕྲུག་ཚོས་གྷ་རྫའི་དམག་འཁྲུག་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བར་བརྟེན། ཉེན་རྟོག་པས་ད་བར་སློབ་ཕྲུག་བདུན་བརྒྱ་མ་ཟིན་ཙམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཨི་སི་རེལ་གྱིས་གྷ་རྫ་ཁུལ་དུ་གནམ་ས་གཉིས་ནས་གཏོར་རྒོལ་བྱས་དང་བྱེད་མུས་ཡིན་པ་དང་ཤི་རྨས་བྱུང་བའི་མི་གྲངས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། ཉེ་བའི་བདུན་ཕྲག་ཁ་ཤས་ནང་ཨ་རིའི་སློབ་གྲྭ་ཆེན་མོ་མང་པོའི་ནང་སློབ་ཕྲུག་ཚོས་དམག་འཁྲུག་མཚམས་འཇོག་དགོས་པ། ཨི་སི་རེལ་དང་འབྲེལ་བའི་ཚོང་ལས་ཁང་དང་སློབ་ཆེན་བར་དཔལ་འབྱོར་གྱི་འབྲེལ་ལམ་གཅོད་དགོས་པ། ཨི་སི་རེལ་ལ་དམག་དོན་རོགས་རམ་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་མི་ཉུང་བ་ཞིག་སྤེལ་ཡོད་འདུག
ཨ་རིའི་ནང་སློབ་ཕྲུག་ཚོས་ཨི་སི་རེལ་ལ་ངོ་རྒོལ་གྱི་ལས་འགུལ་དང་པོ་ནི་ཟླ་༤ ་ཚེས་༡༧ ་ཉིན་ཀོ་ལོམ་བྷི་ཡ་སློབ་ཆེན་ནང་སྤེལ་ཡོད་པ་དང་། སྐབས་དེར་སློབ་ཕྲུག་ཚོས་སློབ་གྲྭའི་ནང་གུར་༥༠ ་ཙམ་ཕུབ་ནས་གཙུག་ལག་སློབ་གྲྭས་ཨི་སི་རེལ་དང་འབྲེལ་བའི་ཚོང་ལས་ཁང་དང་དཔལ་འབྱོར་གྱི་འབྲེལ་བ་གཅོད་དགོས་པའི་ངོ་རྒོལ་བྱེད་པའི་དུས་སུ་སློབ་གྲྭས་ཉེན་རྟོག་པ་སྐད་བཏང་ནས་ངོ་རྒོལ་བྱེད་མཁན་སློབ་ཕྲུག་༡༠༠ ་ལྷག་འཛིན་བཟུང་བྱས་ཡོད་འདུག

གནས་ཚུལ་དེ་བྱུང་རྗེས། ནིའུ་ཡོག་ཏུ་ཡོད་པའི་ཀོ་ལོམ་བྷི་ཡ་གཙུག་ལག་སློབ་གྲྭས་འཇིའུ་སློབ་ཕྲུག་ཚོའི་བདེ་འཇགས་ལ་ཐུགས་ཁུར་ཡོད་རབས་བརྗོད་ནས་གནས་སྟངས་ལྷིང་འཇགས་མ་ཆགས་བར་དྲྭ་ཐོག་འཛིན་གྲྭ་ཚོགས་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་འདུག
སློབ་ཕྲུག་ཚོའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད། ངོ་རྒོལ་གྱི་ལས་འགུལ་དེ་ཧ་ཝར་ཌི་དང་ནིའུ་ཡོག་གཙུག་ལག་སློབ་ཆེན། པི་རིན་སི་ཊོན་(Princeton) ་སློབ་ཆེན་གྱི་ནང་ཁྱབ་པ་མ་ཟད། ཟླ་འདིའི་ཚེས་༢༢ ་ཉིན་ཡྰེལ་གཙུག་ལག་སློབ་ཆེན་ནང་སློབ་ཕྲུག་ངོ་རྒོལ་བ་༤༠ ་དང་ནིའུ་ཡོག་གཙུག་ལག་སློབ་ཆེན་ནང་ངོ་རྒོལ་བ་སློབ་ཕྲུག་༡༢༠ ་འཛིན་བཟུང་བྱས་ཡོད་འདུག
དེ་བཞིན་ཨེ་མོ་རེ་གཙུག་ལག་སློབ་ཆེན་ནང་སློབ་ཕྲུག་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་ནས་སློབ་ཕྲུག་མང་པོ་འཛིན་བཟུང་བྱས་པ་མ་ཟད། སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཉིས་ཀྱང་འཛིན་བཟུང་བྱས་ཡོད་འདུག
ཁ་ཐར་རྒྱལ་ཁབ་ཀྱི་དབྱིན་ཇི་གསར་ཁང་(ALJAZEERA) ་ཞེས་པའི་ཐོག་ལ་གནས་ཚུལ་སྤེལ་གསལ་ལྟར་ན། ད་བར་ཨ་རིའི་ནང་ཨེ་མོ་རི་གཙུག་ལག་སློབ་ཆེན་དང་མི་ནི་སོ་ཌ་གཙུག་ལག་སློབ་ཆེན། ཡྰེལ་(Yale) དང་ཧ་ཝར་ཌི་གཙུག་ལག་སློབ་ཆེན། ལྷོ་ཁེ་ལི་ཧྥོར་ནི་ཡ(California) ་གཙུག་ལག་སློབ་གྲྭ་སོགས་སློབ་གྲྭ་ཁག་༢༠ ་ཙམ་ལ་སློབ་ཕྲུག་ཚོས་ཨི་སི་རེལ་ལ་ངོ་རྒོལ་དང་འབྲེལ་ཡོད་སློབ་གྲྭ་ཁག་གིས་ཨི་སི་རེལ་གྱི་ཚོང་ལས་ཁང་དང་དཔལ་འབྱོར་གྱི་འབྲེལ་ལམ་གཅོད་དགོས་པའི་ལས་འགུལ་སྤེལ་བ་དང་ད་བར་ཉེན་རྟོག་པས་སློབ་ཕྲུག་ཁྱོན་བསྡོམས་༩༠༠ ་ཙམ་འཛིན་བཟུང་བྱས་ཡོད་འདུག
སློབ་མའི་ལས་འགུལ་དེ་ནི་ཨ་རི་ཙམ་མ་ཡིན་པར། ཁེ་ན་ཌ་དང་ཡུ་རོབ། དེ་བཞིན་ཨོ་སི་ཊོ་ལི་ཡ་བཅས་སུ་ཡང་གྷ་རྫའི་ནང་པ་ལི་སི་ཐན་གྱི་མི་རིགས་སྡེབས་གསོད་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

ན་ནིང་ཕྱི་ཟླ་༡༠ ་ཚེས་༧ ་ཉིན་ཧ་མ་སིས་གློ་བུར་དུ་ཨི་སི་རེལ་ལ་གཏོར་རྒོལ་དང་བཙན་འཛུལ་བྱས་ཞིང་། མི་གྲངས་༡༢༠༠ བསད་པ་མ་ཟད། མི་གྲངས་༢༤༠ ་འཛིན་བཟུང་གིས་གཏའ་མི་ལ་བཙན་ཁྲིད་བྱས་ཡོད་འདུག ཨི་སི་རེལ་གྱིས་གཏོར་རྒོལ་དེ་ལ་འཁོན་ལན་བསླགས་ནས་པ་ལི་སི་ཐན་གྱི་མི་གྲངས་༣༤༠༠༠ ལྷག་བསད་ཡོད་འདུག བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རེལ་དམག་དཔུང་གིས་འདས་པའི་ཟླ་བ་དྲུག་གི་རིང་། གྷ་རྫ་གྲོང་ཁྱེར་གཙོས་པའི་གྷ་རྫའི་བྱང་ཕྱོགས་ཡོངས་རྫོགས་དང་དབུས་དང་ཁེན་ཡོ་ནེ་སི་(Khan Yaounis) ་བརྩིས་པའི་གྷ་རྫའི་ལྷོ་ཕྱོགས་ཕལ་མོ་ཆེར་དབང་བསྒྱུར་བྱས་ཟིན་ཡོད་འདུག།ཨི་སི་རེལ་གྱིས་དམག་དཔུང་དག་ཧ་ལམ་ས་ཁུལ་དེ་དག་ཚང་མ་ནས་ཕྱིར་འཐེན་བྱས་ཡོད་ཀྱང་། ཨི་སི་རེལ་གྱིས་འཛུགས་བསྐྲུན་བྱས་པའི་གྷ་རྫའི་ལྷོ་ཕྱོགས་དང་བྱང་ཕྱོགས་གཉིས་དབྱེ་མཚམས་ཀྱི་ལམ་བརྒྱུད་དུ་མུ་མཐུད་གནས་མུས་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
