སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་ལ་དགའ་མོས་བྱེད་མཁན་ཇོ་བྷ་ཌན་ལས་མང་བ་ཡོད་འདུག 

ཨ་རིའི་སྲིད་འཛིན་འོས་བསྡུ་དེ་ཕྱི་ཟླ་༡༡ ནང་ཡིན་འདུག་པ་དང་། སྲིད་དོན་ཚོགས་པ་གཉིས་ཀའི་སྲིད་འཛིན་གྱི་འོས་མི་ཐག་ཆོད་ཟིན་པ་ལྟ་བུ་ཡིན་འདུག  ཨ་རིའི་སྲིད་འཛིན་ཟུར་པ་དང་སྤྱི་མཐུན་ཚོགས་པའི་འོས་མི་ཌོ་ནལ་ཊོམ་ལ་ཁྲིམས་ཐོག་ནས་ནག་ཉེས་ཡོད་ཚུལ་བརྗོད་པའི་རྐྱེན་གྱིས་ད་ལྟ་ཁྲིམས་ཁང་ནང་ཁ་མཆུ་འགྲོ་བཞིན་ཡོད་འདུག་ཀྱང་། ད་ལྟའི་ལས་ཐོག་སྲིད་འཛིན་ཇོ་བྷ་ཌན་ལས་ཌོ་ནལ་ཊོམ་ལ་དགའ་མཁན་མང་བ་ཡོད་པར་རྗོད་ཀྱི་འདུག 

ཕྱི་ཚེས་༢༩ ཉིན་(Wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྤྱིར་བཏང་ད་ལྟའི་སྲིད་འཛིན་འོས་མི་གཉིས་ཀ་ལ་མི་མང་ཁྲོད་སྤྱི་ཡོངས་ཀྱིས་སྲིད་འཛིན་འོས་མི་ལ་མི་འོས་ཚུལ་རྗོད་མཁན་མང་པོ་ཡོད་འདུག་ལ། དེའི་ནང་ནས་ད་ལྟའི་ལས་ཐོག་སྲིད་འཛིན་ལ་མི་མང་ཁྲོད་མི་དགའ་མཁན་བརྒྱ་ཆ་༥༨ ཙམ་ཡོད་པ་ (SSRS)ཟེར་བའི་དྲྭ་ཐོག་ནས་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་བཏོན་ཡོད་འདུག སྙན་ཐོ་དེར་གཞིགས་ན་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་ལ་མི་དགའ་མཁན་བརྒྱ་ཆ་༥༥ ཙམ་ཡོད་འདུག་ལ། ཐེངས་འདིའི་འོས་བསྡུའི་ཁྲོད་ཀྱི་འོས་མི་གཉིས་ཀ་ལ་འདོད་པ་མི་ཚིམ་མཁན་བརྒྱ་ཆ་༥༣ ཙམ་ཡོད་འདུག འོས་མི་གཉིས་ཀ་ལ་མི་དགའ་མཁན་མང་པོ་ཡོད་མིན་ལ་མ་ལྟོས་པར་ཌོ་ནམ་ཊོམ་ཇོ་བྷ་ཌན་ལས་དགའ་མོས་བྱེད་མཁན་མང་བ་ཡོད་འདུག (CNN)ཉམས་ཞིབ་བྱས་ནས་གྲུབ་དོན་བཏོན་དོན་ལ་མི་༡༢༡༢ ནས་མི་༩༦༧ ཡིས་འོས་བླུག་རྒྱུའི་ཐོ་བཀོད་ཡོད་འདུག་པ་དང་། དེ་དག་ལས་བརྒྱ་ཆ་༤༩ ཡིས་ཌོ་ནམ་ཊོམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག ཇོ་བྷ་ཌན་ལ་བརྒྱ་ཆ་༤༣ ཙམ་ཡིན་འདུག ཐེངས་འདིའི་འོས་བསྡུའི་ནང་འོས་མི་གཉིས་ཀ་སྲིད་འཛིན་གྱི་དུས་ཡུན་གཉིས་པའི་ཆེད་དུ་འོས་ལང་གི་ཡོད་པར་བརྟེན། སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་སྲིད་འཛིན་ཡིན་དུས་མི་མང་ཁྲོད་བསམ་ཚུལ་བསྡུ་སྐབས་མི་མང་བརྒྱ་ཆ་༥༥ ཡིས་འདོད་པ་ཚིམ་གྱི་ཡོད་པར་བརྗོད་འདུག་ལ། མི་མང་བརྒྱ་ཆ་༤༤ ཡིས་འདོད་པ་ཚིམ་གྱི་མེད་པར་བརྗོད་ཡོད་འདུག ད་ལྟ་སྲིད་འཛིན་ཇོ་བྷ་ཌན་སྐབས་སུ་མི་མང་ཁྲོད་བསམ་ཚུལ་བསྡུ་དུས་མི་མང་བརྒྱ་ཆ་༣༩ ཡིས་འདོད་པ་ཚིམ་གྱི་ཡོད་པར་བརྗོད་འདུག་ལ། བརྒྱ་ཆ་༦༡ ཡིས་འདོད་པ་ཚིམ་གྱི་མེད་ཚུལ་བརྗོད་འདུག རྒྱུ་མཚན་ནི་སྲིད་འཛིན་ཇོ་བྷ་ཌན་གྱིས་ད་ལྟའི་གྷ་ཛ་ས་ཁུལ་དུ་འབྱུང་བཞིན་པའི་དམག་འཁྲུག་སྟངས་འཛིན་ཡག་པོ་བྱེད་ཀྱི་མེད་ཚུལ་རྗོད་ཀྱི་ཡོད་འདུག་པ་དང་། འོས་བསྡུའི་སྐབས་སུ་གནད་དོན་ཆེན་པོ་འགའ་ཤས་ཀྱིས་ཁྱད་པར་ཆེན་པོ་བཟོ་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག དཔེར་ན། མི་མང་བརྒྱ་ཆ་༦༦ ཙམ་ཞིག་གིས་བརྗོད་དོན་ལ་ཁོང་ཚོས་འོས་བླུག་དུས་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ཀྱི་གནད་དོན་ཐོག་འོས་བླུག་རྒྱུ་ཡིན་པ་དང་། ཡང་མི་མང་བརྒྱ་ཆ་༥༨ ཙམ་གྱིས་མང་གཙོ་སྲུང་སྐྱོབ་ཐད་ནུས་པ་ག་ཚོད་འདོན་ཐུབ་མིན་ལ་བལྟས་ནས་འོས་བླུག་རྒྱུ་ཡིན་ཚུལ་བརྗོད་འདུག ཡང་བརྙན་གཞན་ཞིག་གི་ནང་མི་མང་བརྒྱ་ཆ་༤༨ ཙམ་གྱིས་མ་འོངས་པར་འོས་བསྡུའི་སྐབས་སུ་ཕྱི་མི་གནས་སྤོ་དང་། ཁྲིམས་འགལ་གྱི་གནད་དོན། མེ་མདའ་དང་འབྲེལ་བའི་སྲིད་བྱུས་འཛིན་ཕྱོགས། འཕྲོད་བསྟེན། ཕྲུ་གུ་མངལ་ནས་བཀོག་ཆོག་མིན་གྱི་སྲིད་བྱུས་སོགས་ལ་བལྟས་ནས་འོས་བླུག་རྒྱུ་ཡིན་པར་བརྗོད། དེ་བཞིན་མི་མང་བརྒྱ་༣༣ ཙམ་གྱིས་ཕྱི་འབྲེལ་སྲིད་བྱུས་དང་། གནམ་གཤིས་འགྱུར་ལྡོག དམག་འཁྲུག་གི་གནད་དོན། སློབ་ཕྲུག་རྣམས་ལ་སློབ་ཡུན་སོགས་ཀྱི་གནད་དོན་ལ་བལྟས་ནས་འོས་བླུག་རྒྱུ་ཡིན་པར་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།