རྒྱ་ནག་གཞུང་གསང་བའི་ལས་ཁུངས་ཀྱིས་ཐའེ་ཝན་རང་བཙན་འདོད་མཁན་དག་ཁ་གཏད་ནན་པོ་གཅོག་རྒྱུ་ཡིན་པར་བརྗོད།

རྒྱ་ནག་གཞུང་གསང་བའི་ལས་ཁུངས་ཀྱིས་ཐའེ་ཝན་རང་བཙན་འདོད་མཁན་དག་ལ་ཁ་གཏད་ནན་པོ་གཅོག་རྒྱུ་ཡིན་པ་དང་། དེ་ཡང་ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གཞུང་གསར་པ་དབུ་འཛུགས་མ་བྱས་སྔོན་དུ་བརྗོད་འདུག 

ཕྱི་ཚེས་༢༩ ཉིན་(South China Morning Post)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གི་དབུས་གསང་བའི་ལས་ཁུངས་ཀྱིས་ཐའེ་ཝན་རང་བཙན་འདོད་མཁན་རྣམས་ལ་ཁ་གཏད་ནན་པོ་གཅོག་རྒྱུ་ཡིན་པ་དང་། ཐའེ་ཝན་མི་མང་ཁྲོད་དུ་ཞི་བའི་ཐོག་ནས་ཟླ་སྒྲིལ་གཏོང་རྒྱུར་རྒྱབ་སྐྱོར་རག་ཐབས་ལ་འབད་རྒྱུ་ཡིན་པར་བརྗོད་འདུག རྒྱ་ནག་གི་བདེ་སྲུང་བློན་ཆེན་(Chen Yixin)ཟེར་བ་དེས་ (Study Times)ཟེར་བའི་དམར་ཤོག་ཚོགས་པའི་དབུས་ལས་ཁུངས་ནས་པར་སྐྲུན་བྱེད་ཀྱི་ཡོད་པའི་ཚགས་ཤོག་གཅིག་གི་ཐོག་རྩོམ་ཞིག་བཏོན་ཡོད་འདུག་པ་དང་། རྩོམ་དེའི་ནང་རྒྱ་ནག་དབུས་གཞུང་གསང་བའི་ལས་ཁུངས་ཀྱིས་ཐའེ་ཝན་གྱི་རང་བཙན་རྩོད་མཁན་སུ་འདྲ་ཞིག་ཡོད་ཀྱང་དེ་ལ་ཁ་གཏད་ནན་པོ་གཅོག་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཞན་སུས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ཚེ་ཉེས་པ་ལྗིད་པོ་གཏོང་རྒྱུ་ཡིན་པ། དེ་བཞིན་ཐའེ་ཝན་རང་བཙན་གྱི་ཆེད་དུ་གསང་ཉུལ་སུས་བྱེད་ཀྱི་ཡོད་ཀྱང་ཁྲིམས་ཐོག་ནས་རྒོལ་རྡུང་དྲག་པོ་གཏོང་རྒྱུ་ཡིན་པར་བརྗོད་འདུག རྩོམ་དེའི་ནང་ང་ཚོས་ངེས་པར་དུ་ནུས་པ་ཡོད་ཚད་བཏང་ནས་ཐའེ་ཝན་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་ཐབས་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཞེན་རིང་ལུགས་ཀྱི་ངར་ཤུགས་སྔར་ལས་གོང་མཐོར་བཏང་ནས་མི་མང་ཁྲོད་དུ་ཞི་བའི་ངང་ནས་ཟླ་སྒྲིལ་གཏོང་རྒྱུ་ལ་རྒྱབ་སྐྱོར་རག་པ་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག རྩོམ་ཡིག་དེ་ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གཞུང་གསར་པའི་དམ་འབུལ་མ་བྱས་པའི་བདུན་ཕྲག་འགའི་སྔོན་དུ་བཏོན་ཡོད་པར་བརྟེན། ལོ་འདིའི་ནང་རྒྱ་ནག་གཞུང་གིས་ཐའེ་ཝན་གླིང་ཕྲན་གྱི་རང་བཙན་འདོད་མཁན་དག་ལ་ཉེན་བརྡ་མངོན་གསལ་དོད་པོའི་ཐོག་ནས་བཏང་བ་ཐེངས་མ་གཉིས་པ་དེ་ཡིན་འདུག འདི་ལོའི་ཕྱི་ཟླ་༡ ནང་ཐའེ་ཝན་ནང་འོས་བསྡུ་མ་བྱས་སྔོན་དུ་རྒྱ་ནག་གཞུང་བདེ་སྲུང་ལྷན་ཁང་ནས་ཉེན་བརྡ་ཞིག་བཏང་སྟེ། ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་མཁན་ཚོ་ལ་ཉེན་བརྡ་བཏང་ཡོད་འདུག་ལ། དེ་བཞིན་ཐའེ་ཝན་གསང་བའི་ལས་ཁུངས་ནས་གསང་ཉུལ་གཏོང་གི་ཡོད་པར་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག ད་དུང་རྩོམ་དེའི་ནང་ཕྱི་ལོ་༢༠༡༨ དང་༢༠༢༠ ནང་རྒྱ་ནག་གཞུང་ནས་ཐའེ་ཝན་གྱིས་བཏང་བའི་གསང་ཉུལ་བ་འགའ་ཤས་ཤིག་དོ་དམ་དང་འཛིན་བཟུང་བྱས་ཡོད་པ་དང་། དེ་དག་ནི་ཐའེ་ཝན་གྱིས་རྒྱ་ནག་ལ་བཏང་བའི་གསང་བའི་བྱ་སྤྱོད་ཡིན་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གཞུང་གསར་པ་དེ་ཕྱི་ཚེས་༢༠ ཉིན་དམ་འབུལ་ཞུ་རྒྱུ་ཡིན་འདུག་པར་བརྟེན། རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པར་ཐའེ་ཝན་རྒྱ་ནག་ལས་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་སྐྱོན་བརྗོད་ཤུགས་ཆེར་བྱེད་ཀྱི་ཡོད་འདུག ཉེ་ཆར་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་གསང་ཉུལ་བ་རྒྱ་ནག་ཏུ་ཡོང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་གི་ཡོད་ཚུལ་བརྗོད་ནས།  ལོ་སྔོན་མའི་ཕྱི་ཟླ་༤ པའི་ནང་རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་དོན་ལ། ཕྱི་ཟླ་༣ པའི་ནང་(Li Yange)ཟེར་བའི་ཐའེ་ཝན་གྱི་མི་སེར་ཡིན་པ་ཞིག་རྒྱ་ནག་གི་(Shanghai)ཧྲང་ཧེ་གྲོང་ཁྱེར་ལ་ནང་མི་ཐུག་འཕྲད་བྱེད་ཆེད་དུ་འགྲོ་དུས་རྒྱ་ནག་གཞུང་གིས་གསང་ཉུལ་ཡིན་ཚུལ་བརྗོད་ནས་འཛིན་བཟུང་བྱས་ཡོད་འདུག་ལ། (Li Yange)ཟེར་བའི་ཐའེ་ཝན་གྱི་མི་སེར་ཡིན་མཁན་དེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དེབ་གཅིག་པར་སྐྲུན་བྱས་ཡོད་འདུག ཕྱི་ལོ་༢༠༢༢ ནང་ཐའེ་ཝན་གྱི་སྲིད་དོན་པ་(Yang Zhi yuan)ཡང་ཀྲི་ཡན་ཟེར་བ་ཞིག་རྒྱ་ནག་གི་ཞིང་ཆེན་(Zhejiang)ཀྲེ་ཅང་ཟེར་བའི་ནང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག རྒྱུ་མཚན་ནི་སྲིད་དོན་པ་ཁོང་གིས་ཁ་བྲལ་བ་དང་ངན་འབྲེལ་བྱེད་ཀྱི་ཡོད་ཚུལ་བརྗོད་ཡོོད་འདུག དེ་བཞིན་ཐའེ་ཝན་གྱི་ལས་འགུལ་བ་ཞིག་ལོ་ལྔ་བཙོན་བཅུག་བྱས་རྗེས་ཕྱི་ལོ་༢༠༢༢ ཟླ་བ་༤ ནང་གློད་ཡོད་འདུག རྒྱ་ནག་གཞུང་བདེ་སྲུང་ལྷན་ཁང་གིས་བརྗོད་ལ། རྒྱ་ནག་གི་བདེ་འཇགས་དང་དྲག་སྤྱོད། དེ་བཞིན་རྒྱ་ནག་གི་མངའ་ཁུལ་བདག་དབང་ལ་ཐེ་གཏོགས་སུས་བྱས་ཀྱང་རྒོལ་རྡུང་དྲག་པོ་གཏོང་རྒྱུ་ཡིན་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།