རླུང་དམར་འཚུབ་པའི་ཉིན་མོ་འདི།

སུ་ཞིག་ལ་སྡང་ཁ་དང་ཁོང་ཁྲོ་སློང་བའམ།  

 

ཡང་ན། ————————–

ཅི་ཞིག་ལ་འཁྲུག་ཆ་དང་དགོད་ཁ་སློང་བ་མི་ཤེས་མོད། 

འོན་ཀྱང་ལྷིང་འཇགས་ཀྱི་གནས་པའི་ཞིང་ཁམས་འདིར།  

འུར་གྱིས་དཀྲོགས་ཐལ།  

དེའི་ཚེ་ང་ཡང་སྐྲག་ཅིང་། 

འདར་སིག་སིག་གི་མིག་ཟུང་།

དེའི་ཕྱོགས་སུ་ཅེར་དགོས་བྱུང་།

ཐལ་རྡུལ་དང་འུར་ཟིང་གི་ཁྲོད་ན།

ནམ་ཡང་།—————-

མགོ་བོ་ཡར་ལ་བཏེགས་མི་ནུས་པའི།

བྱིས་པ་ཆུང་ཆུང་འགའ་ཞིག་གིས།

ངུ་འབོད་ཀྱི་ཚུགས་ཀ་སྟོན་མི་ནུས་ཤིང་།

ནམ་ཡང་རང་ཉིད་འོག་ཏུ་ལྟུང་ཟིན་སྣང་བ་སྟེར།

ཨ་ཁ་བྱིས་པ་འདི་དག་གིས།

ཅི་ཞིག་ལ་ནོར་སོང་བའི་ཉེས་ཅན་པ་བཞིན།

ཕྲེད་ལ་འགྲེང་གིན།————–

མིག་ཟུང་རང་གི་རྐང་པར་ཅེར་ནས་།

འཚུབ་ཆ་ཆེ་བའི་ཆར་ཤོད་ཀྱིས།

ཁོ་ཚོར་ནམ་ཡང་ཐར་པ་གཏོང་མི་སྲིད།

ད་དུང་།—————-

བྱིས་པ་འདི་དག་ནི།

ངུ་མ་དགོད་ཀྱི་ཀྲོང་ངེར་འགྲེང་བ་ལས།

ཅི་ཞིག་གིས་གསལ་བཤད་བྱ་རྒྱུའི་སྣང་བའང་།

ཡེ་ནས་བོར་ཟིན་པ་འདྲ།

དཀོན་མཆོག་གི་མཁྱེན།—————-

ད་ནི་ཅི་ཞི་ལ་ཐུག་ཀྱང་བྱ་ཐབས་ཡོད་ཚད།

དྲག་ཆར་དང་རླུང་བུས་སྤུར་ཟིན་པའི་སྣང་བ་འདིས།

ཡིད་ཐང་རྦད་དེ་ཆད་སོང་བ་འདྲ།

༢༠༡༡། ༧། ༢༦ ཉིན