ཨི་སི་རེལ་གྱི་སྲིད་བློན་ལ་ཕྱོགས་གཉིས་ནས་གནོན་ཤུགས་སྤྲོད་བཞིན་པ།

ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རེལ་གྱི་དམག་འཁྲུག་གི་དབང་གིས་ཨ་རི་དང་ཨི་སི་རེལ་གྱི་འབྲེལ་ལམ་ཇེ་ཞན་དུ་ཕྱིན་པ་དང་། ཨི་སི་རེལ་གྱི་སྲིད་བློན་ལ་མང་ཚོགས་དང་ཕྱོགས་གཏོགས་མི་མང་ནས་གནོན་ཤུགས་སྤྲོད་བཞིན་ཡོད་འདུག

ཨ་རིའི་གཞུང་གིས་ཨི་སི་རེལ་ལ་འབོམ་ཆེན་པོ་དག་མཁོ་སྤྲོད་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་པ་མ་ཟད། སྲིད་འཛིན་བྷ་ཌན་གྱིས་གལ་སྲིད་ཨི་སི་རེལ་གྱིས་གྷ་རྫའི་ལྷོ་ཕྱོགས་སུ་ཡོད་པའི་རཱ་ཧྥ་ས་ཁུལ་དུ་དཔུང་འཇུག་བྱས་ཚེ། མེ་སྒྱོགས་དང་མཚོན་ཆ་གཞན་དག་ཀྱང་མཁོ་འདོན་བྱེད་རྒྱུ་ཕྱིར་འགྱངས་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད་ཀྱང་།

ཨི་སི་རེལ་གྱི་སྲིད་བློན་གྱིས་ཨ་རིའི་སྲིད་འཛིན་གྱི་ཉེན་བརྡ་སྣང་མེད་དུ་བཏང་ནས། གལ་སྲིད་ང་ཚོ་གཅིག་པུར་ལང་དགོས་ནའང་གཅིག་པུར་ལང་རྒྱུ་ཡིན་ཞེས་བཤད་དེ་དཔུང་སྐྱོད་བྱེད་རྒྱུའི་དམ་བཅའ་བཞག་ཡོད་པར་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་ཚད་དམའ་རུ་ཕྱིན་ཡོད་འདུག

འདས་པའི་ཟླ་བ་ཁ་ཤས་ཀྱི་རིང་ཨི་སི་རེལ་གྱིས་གྷ་རྫའི་ཁུལ་དུ་གནམ་ས་གཉིས་ནས་གཏོར་རྒོལ་བྱས་ནས་མི་སེར་སྟོང་ཕྲག་མང་པོས་ཚེ་སྲོག་ཤོར་ཡོད་པར་བརྟེན། ཨ་རིའི་ནང་དུ་ཡང་དམག་འཁྲུག་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་མ་ཟད། སྲིད་འཛིན་བྷ་ཌན་གྱི་སྣང་བརྙན་ལ་ཡང་གནོད་བསྐྱལ་ཡོད་པས་ད་ལྟའི་ཆར་དམག་འཁྲུག་དེ་དང་འབྲེལ་ཕྱོགས་གཉིས་ཀྱི་འགོ་ཁྲིད་གཉིས་ཀྱིས་མདུན་སྐྱོད་ཇི་ལྟར་བྱེད་མིན་ཡང་གསལ་བོ་མེད་པ་ཆགས་ཡོད་འདུག

ཨི་སི་རེལ་གྱིས་གྷ་རྫའི་བྱང་ཕྱོགས་དང་དབུས་ཕྱོགས་ཀྱི་མི་དམངས་རྣམས་ལྷོ་ཕྱོགས་སུ་འགྲོ་བཅུག་ཡོད་པས་ད་ལྟའི་ཆར་རཱ་ཧྥ་ས་ཁུལ་དུ་མི་གྲངས་ས་ཡ་གཅིག་ལྷག་ཡོད་པ་མ་ཟད། ས་ཁུལ་དེ་ནི་ཧ་མ་སིའི་དྲག་དཔུང་གི་མཐའ་མའི་རྟེན་གཞི་ཞིག་ཏུ་གྱུར་ཡོད་འདུག གལ་སྲིད་ཨི་སི་རེལ་གྱིས་འབོམ་དང་གོ་མཚོན་ཕོན་ཆེན་སྤྱད་ནས་ས་ཁུལ་ཆུང་ཆུང་ཞིག་དང་མི་འབོར་མང་བའི་རཱ་ཧྥ་ལ་གཏོར་རྒོལ་བྱས་ཚེ། མི་སེར་བརྒྱ་ཕྲག་མང་པོ་ཤི་རྨས་འབྱུང་རྒྱུ་ཡིན་འདུག

ཨི་སི་རེལ་གྱི་མི་མང་ཚོས་སྲིད་བློན་ལ་ན་ནིང་ཧ་མ་སིའི་ལག་ཏུ་ཐོགས་པའི་གཏའ་མི་ཚོའི་ཐོག་ལ་གྲོས་མཐུན་བྱེད་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཁོའི་ཕྱོགས་གཏོགས་མཁྲེགས་འཛིན་རིང་ལུགས་པ་ཚོས་རཱ་ཧྥ་ལ་བཙན་འཛུལ་བྱེད་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་སྲིད་བློན་(Netanyahu) གྱིས་གཏའ་མི་གློད་བཀྲོལ་ཆེད་ཧ་མ་སི་དང་གྲོས་མཐུན་དང་རཱ་ཧྥ་ལ་བཙན་འཛུལ་མ་བྱས་ཚེ་ཁོང་གི་ཕྱོགས་གཏོགས་ཚོས་གཞུང་མགོ་རྟིང་སློག་སྲིད་པ་རེད་ཅེས་བརྗོད་ཡོད་པ་དང་། སྲིད་བློན་གྱི་མགྲིན་ཚབ་པ་ཟུར་པ་ཞིག་གིས་སྲིད་བློན་གྱིས་ཧ་མ་སི་རྩ་མེད་བཟོ་རྒྱུའི་དམ་བཅའ་བཞག་པ་ལྟར་ལེགས་གྲུབ་བྱུང་ཚེ། མི་མང་གིས་ཁོང་ནམ་ཡང་བརྗེད་མི་སྲིད་པ་དང་གལ་སྲིད་ཁོས་དམ་བཅའ་བཞིན་མ་བསྒྲུབས་ན་ཁོ་ནི་ལོ་རྒྱུས་ཐོག་སྲིད་བློན་ཆེས་སྡུག་ཤོས་སུ་འགྱུར་སྲིད་ཅེས་བརྗོད་འདུག ཨི་སི་རེལ་གྱིས་རཱ་ཧྥ་ལ་གཏོར་རྒོལ་མ་བྱས་ན་ཧ་མ་སི་རྩ་མེད་གཏོང་ཐབས་མེད་པ་དང་། གཏོར་རྒོལ་བྱས་ཚེ་མི་སེར་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་སྲིད་པ་མ་ཟད། དམག་འཁྲུག་དེས་འབྱུང་འགྱུར་ཨ་རིའི་འོས་བསྡུ་ལ་ཡང་གནོད་སྐྱེལ་སྲིད་པའི་གནས་སུ་གྱུར་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།