རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་འཇིགས་སྐུལ་བྱས་ཏེ་རྒྱ་ནག་དང་ཧོང་ཀོང་གི་སློབ་མ་ཚོའི་དཀའ་ངལ།

ཁ་སང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པའི་ནང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ལས་འགུལ་འོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རྒྱ་ནག་དང་ཧོང་ཀོང་གི་སློབ་གཉེར་བ་ཚོ་ལ་དོགས་ཟོན་དང་འཇིགས་སྐུལ་བྱས་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཟླ་འདིའི་ཚེས༡༣ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་(AMNEST INTERNATIONAL) ངའི་སློབ་གྲྭའི་ནང་། ང་ཞེད་ཀྱི་འདུག་ཅེས་པའི་སྙན་ཐོ་ཞིག་གསར་སྤེལ་བྱས་འདུག་པ་དང་། དེའི་ནང་དུ་རྒྱ་ནག་གི་དཔོན་པོ་ཚོས་རྒྱ་ནག་དང་ཧོང་ཀོང་གི་སློབ་མ་རྣམས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་སྐབས། ཚོར་སྣང་སྐྱེན་པའི་གནད་དོན་དང་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་བྱེད་པར་བཀག་འགོག་བྱེད་ཆེད། སློབ་ཕྲུག་ཚོ་ལ་འཇིགས་སྐུལ་དང་སུན་གཙེར་བཟོ་བ། དོགས་སྲུང་བྱེད་ཀྱི་ཡོད་པ་སོགས་ལ་བརྟེན། སློབ་ཕྲུག་ཚོ་ཞེད་སྣང་ཅན་གྱི་ཁོར་ཡུག་ནང་གནས་ཡོད་ཅེས་འཁོད་འདུག
ངའི་སློབ་གྲྭའི་ནང་དུ། ང་ཞེད་ཀྱི་འདུག་ཅེས་འགོ་བརྗོད་དུ་བྲིས་པའི་སྙན་ཐོ་དེའི་ཆེད་དུ་ཡུ་རོབ་དང་བྱང་ཨ་མེ་རི་ཁ་ལ་གནས་སྡོད་བྱེད་མཁན་སློབ་མ་ཁག་ཅིག་ལ་བཅར་འདྲི་བྱས་ཡོད་པའི་ནང་། སློབ་མ་དག་གིས་ཁོང་ཚོས་གྲོང་ཁྱེར་སོ་སོའི་ནང་ངོ་རྒོལ་བྱེད་སྐབས་རྒྱ་ནག་གི་གསང་བའི་མི་སྣས་པར་རྒྱག་པ་དང་རྗེས་འདེད་གཏོང་གི་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་། སློབ་མ་མང་པོས་རྒྱ་ནག་ཏུ་ཡོད་པའི་ཁྱིམ་མི་ཚོར་ཕྱི་ལོགས་སུ་སློབ་མ་ཚོས་སྤེལ་བའི་ལས་འགུལ་དང་འབྲེལ་བ་ཡོད་རབས་བརྗོད་ནས་ཉེན་རྟོག་པས་ཁྱིམ་མི་ཚོ་དམིགས་འབེན་དུ་བཟུང་ནས་འཇིགས་སྐུལ་བྱས་ཡོད་པར་བརྗོད་འདུག

རྒྱ་ནག་གི་དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ལ་རྒོལ་རྡུང་བྱེད་བཞིན་པ་དེ་ད་ཆ་རྒྱ་ནག་དང་ཧོང་ཀོང་གི་སློབ་ཕྲུག་ཡོད་པའི་ཕྱི་རྒྱལ་གྱི་གཙུག་ལག་སློབ་གཉེར་ཁང་མང་པོའི་འཛིན་ཁང་དང་བར་ཁྱམས་སུ་སྤེལ་བཞིན་ཡོད་པ་དང་། རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ཤུགས་རྐྱེན་གྱིས་ཤེས་ཡོན་རང་དབང་གི་སྙིང་པོར་གྱུར་པའི་རང་དབང་གི་བསམ་ཚུལ་བརྗེ་རེས་ལ་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད་པས་སྲིད་གཞུང་དང་སློབ་ཆེན་ཁག་གིས་ངེས་པར་དུ་དེ་ལ་ཁ་གཏད་གཅོག་དགོས་པར་བརྗོད་འདུག

སྙན་ཐོ་དེའི་ཆེད་དུ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཨ་རི་དང་ཁེ་ན་ཌ། ཧྥ་རན་སི་དང་ཇར་མན། སྦེལ་ཇམ་དང་སུད་སི། དབྱིན་ཡུལ་དང་ཧོ་ལན་ཌི་བཅས་རྒྱལ་ཁབ་བརྒྱད་ཀྱི་ནང་ཧོང་ཀོང་གི་སློབ་གཉེར་བ་༡༢ གཙོས་པའི་ཁྱོན་རྒྱ་ནག་གི་སློབ་ཕྲུག་༣༢ ལ་བཅར་འདྲི་བྱས་ཡོད་འདུག
རོ་ཝང་ཞེས་འབོད་པའི་སློབ་མ་ཞིག་གིས། ཁོང་ཉིད་༡༩༨༩ ་ལོའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་མཛད་སྒོར་ཞུགས་ནས་ཆུ་ཚོད་ཁ་ཤས་སོང་བའི་རྗེས། རྒྱ་ནག་ཏུ་ཡོད་པའི་ཨ་ཕའི་རྩ་ནས་ས་གནས་ཉེན་རྟོག་པས་འབྲེལ་བ་བྱས་ཏེ། ཕྱི་རྒྱལ་ལ་ཡོད་པའི་བུ་མོ་ལ་རྒྱ་གཞུང་གི་མཚན་སྙན་ལ་གནོད་པའི་དོན་རྐྱེན་གང་ལ་ཡང་མཉམ་ཞུགས་བྱེད་མི་རུང་བའི་སློབ་གསོ་སྤྲོད་དགོས་ཞེས་བརྗོད་འདུག
རོ་ཝང་གིས་ལས་འགུལ་བ་སུ་གཅིག་ལ་ཁོང་མོའི་མིང་ངོ་མ་བཤད་མེད་པ་མ་ཟད་དྲྭ་ཐོག་ཏུ་ཡང་རང་ཉིད་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་སྤེལ་མེད་ན་ཡང་། རྒྱ་ནག་གཞུང་གིས་དུས་ཡུན་ཐུང་ངུ་ཞིག་གི་ནང་ཁོང་མོ་ལས་འགུལ་ནང་ཡོད་པ་ངོ་རྟགས་ཆོད་པ་དང་ཁོང་གི་ཨ་ཕ་གང་དུ་ཡོད་པ་རྩད་གཅོད་བྱས་ཡོད་པས་ཁོང་མོ་ཧོན་འཐོར་ཡོད་པ་དང་། ཁོང་གིས་ང་ཚོ་སའི་གོ་ལའི་ཕྱོགས་གཞན་ཞིག་ལ་ཡོད་ན་ཡང་རྒྱ་ནག་གཞུང་གིས་ལྟ་སྲུང་བྱེད་ཀྱི་ཡོད་པའི་བརྡ་ལན་གསལ་བོ་རེད་ཅེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ལ་བརྗོད་འདུག
ཉེ་བའི་ལོ་ཤས་ནང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་མང་པོས་རྒྱ་ནག་ལ་སྐྱོན་རྗོད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག དཔེར་ན། ཕྱི་ལོ་༢༠༢༢ ལོར་རྒྱ་ནག་ནང་ཤོག་བུ་དཀར་པོའི་ལས་འགུལ་དང་། ཕྱི་ལོ་༢༠༡༩ ལོར་ཧོང་ཀོང་ནང་དམངས་གཙོ་དོན་གཉེར་བ་ཚོའི་ངོ་རྒོལ་ལས་འགུལ། དེ་བཞིན་ཕྱི་ལོ་༡༩༨༩ ལོར་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་ལ་དྲག་གནོན་བྱས་པའི་རྗེས་དྲན་དུས་ཆེན་སོགས་ཀྱི་ནང་མཉམ་ཞུགས་བྱས་ཡོད་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཅར་འདྲི་བྱས་པའི་སློབ་མ་སུམ་ཆ་གཅིག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་བཀག་འགོག་ཆེད་རྒྱ་ནག་གི་དཔོན་རིགས་ཚོས་ཕ་མ་ཚོར་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་དང་། རྒས་ཕོགས་འགོག་རྒྱུ། ལས་ཀའི་གནས་རིམ་སྤར་རྒྱུ་མིན་པ་སོགས་བརྗོད་ནས་འཇིགས་སྐུལ་བྱས་ཡོད་པར་བརྗོད་འདུག

ད་ལྟའི་ཆར་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སློབ་སྦྱོང་བྱེད་མཁན་རྒྱ་ནག་གི་སློབ་ཕྲུག་འབུམ་༩ ཙམ་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབྲེལ་ཡོད་སྲིད་གཞུང་དང་གཙུག་ལག་སློབ་ཆེན་ཁག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་མྱོང་མཁན་སློབ་ཕྲུག་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཐོག་ལས་དོན་མང་ཙམ་བརྩམ་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།