ཏོག་དབྱིབས་ནད་དུག་ཐོག་མ་ཁྱབ་དུས་ཕྱིར་བསྒྲགས་བྱེད་མཁན་རྒྱ་མོ་དེ་བཙོན་ནས་གློད་འདུག

རྒྱ་ནག་ནང་ཝུ་ཧན་ཏོག་དབྱིབས་ནད་དུག་ཐོག་མ་ཁྱབ་དུས་རྒྱ་རིགས་བུད་མེད་གཅིག་གིས་ཕྱིར་བསྒྲགས་བྱས་པའི་རྐྱེན་གྱིས་བུད་མེད་དེ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ནས་མི་ལོ་བཞིའི་རིང་བཙོན་འཇུག་བྱས་རྗེས་ཁ་སང་གཟའ་ཟླ་བའི་ཉིན་གློད་དཀྲོལ་བཏང་ཡོད་འདུག
ཕྱི་ཚེས་༡༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་ནས་ཏོག་དབྱིངས་ནད་དུག་ཐོག་མ་ཁྱབ་དུས། རྒྱ་རིགས་བུད་མེད་(Zhan Zhang)ཟེར་བ་དེས་ཕྱིར་བསྒྲགས་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཁོང་མོ་ལོ་བཞིའི་རིང་བཙོན་འཇུག་བྱས་རྗེས་གློད་དཀྲོལ་བཏང་ཡོད་འདུག འོན་ཀྱང་། ཁོང་མོ་དོན་ངོ་མ་གློད་དཀྲོལ་བཏང་ཡོད་དམ། ཡང་ན་ཁོང་མོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ཆེད་དུ་གློད་དཀྲོལ་བཏང་ཡོད་མདོག་བྱེད་པ་ལས་དོན་དངོས་ཐོག་གློད་བཀྲོལ་བཏང་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད་མི་འདུག རང་ལོ་༤༠ ཡིན་པའི་ཁྲིམས་རྩོད་པ་(Zhan Zhang)་ཟེར་བའི་བུད་མེད་དེ་རྒྱ་ནག་ནས་ཐོག་མ་ཏོག་དབྱིབས་ནད་དུག་ཁྱབ་དུས་ཕྱིར་བསྒྲགས་བྱེད་མཁན་མང་པོ་ཡོད་པའི་ཁྲོད་ནས་གཅིག་ཡིན་འདུག ཏོག་དབྱིབས་ནད་དུག་མི་མང་ལ་ཕྱིར་བསྒྲགས་བྱས་རྗེས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པ་དང་གར་སོང་ཆ་མེད་དུ་གྱུར་པ་ཁོང་མོ་འདྲ་བའི་མི་མང་པོ་ཡོད་འདུག ཁོང་མོ་ལ་ཏོག་དབྱིབས་ནད་དུག་སྐབས་སུ་རྒྱ་ནག་ནང་ལས་འགུལ་ཡང་ཡང་སྤེལ་བའི་ཉེས་མིང་དང་ཁ་རྩོད་རྒྱག་པ་སོགས་ཀྱི་ཉེས་མིང་ཕོག་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་བྱེད་མཁན་ཚོགས་པ་ཁག་གིས་(Zhan Zhang)ཟེར་བའི་བུད་མེད་དེ་འཛིན་བཟུང་བཀག་ཉར་བྱས་པ་ནི་ནོར་འཁྲུལ་ཤོར་ཡོད་པ་དང། ད་ཆར་ཁོང་མོའི་འཕྲོད་བསྟེན་ལ་དཀའ་ངལ་ཡོད་པས་གློད་བཀྲོལ་གཏོང་རྒྱུའི་འབོད་སྐུལ་ཤུགས་ཆེན་བྱས་པ་ཡིན་ཞེས་བརྗོད་འདུག་ལ། དེ་བཞིན་ད་དུང་སེམས་ཁྲལ་ཆེ་ཤོས་གཅིག་ནི། ཁོང་མོ་གློད་དཀྲོལ་བཏང་རྗེས་བདེ་འཇགས་ཀྱི་གནད་དོན་ཐད་ཡིན་པར། རྒྱལ་མཚམས་བརྒལ་བའི་གསར་འགོད་པ་ཞེས་པའི་ལས་ཁུངས་ཀྱི་ལས་བྱེད་(Aleksandra Bielakowska)ཟེར་བ་དེས་བརྗོད་འདུག་ལ། ད་དུང་ལས་བྱེད་བུད་མེད་དེས་རྒྱ་ནག་ནང་གསར་འགོད་པ་ཚོ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ནས། མཐར་གློད་བཀྲོལ་བཏང་རྗེས་ཀྱང་གཞུང་གི་ལྟ་རྟོགས་འོག་འགྲོ་འདུག་ལ་རང་དབང་མེད་པར་བརྟེན། དྲང་པོ་བཤད་ན་ད་ལྟ་གློད་བཀྲོལ་གཏོང་ཡོད་ཚུལ་བརྗོད་པའི་བུད་མེད་དེའི་སྐོར་ཤེས་རྟོགས་གང་ཡང་མེད་ཅེས་བརྗོད་འདུག (Zhan Zhang་ཟེར་བའི་བུད་མེད་དེའི་ཁྲིམས་རྩོད་པ་གཅིག་གིས་བྷི་བྷི་སི་གསར་ཁང་ལ། ཁོང་མོ་ད་ལྟ་ (Shanghai)གྲོང་ཁྱེར་ནང་ཕ་མ་དང་ལྷན་དུ་བསྡད་ཡོད་ཀྱང་། ད་དུང་གཞུང་གི་དམ་དྲག་འོག་འགྲོ་འདུག་ལ་རང་དབང་མེད་པ་རེད་ཅེས་བརྗོད་ཡོད་འདུག ཁོང་མོས་དྲྭ་ཐོག་ཏུ་ཐད་གཏོང་དང་རྩོམ་ཡིག་མང་པོ་སྤེལ་བ་དག་ལ་དྲྭ་ཐོག་ནས་མི་མང་པོ་ཞིག་གིས་ལྟ་ཀློག་བྱེད་ཀྱི་ཡོད་འདུག་པར་བརྟེན། རྒྱ་ནག་གཞུང་གིས་དམ་དྲག་བྱེད་ཀྱི་ཡོད་འདུག བུད་མེད་དེ་ཡིས་(An indenpendent filmmaker)ཟེར་བ་ཞིག་གིས་བུད་མེད་དེ་ལ་བཅར་འདྲི་བྱས་པའི་བརྙན་ཐུང་ཞིག་བྷི་བྷི་སི་ལ་རག་ཡོད་འདུག་པ་དང་། བརྙན་ཐུང་དེའི་ནང་བུད་མེད་དེས་ང་ནི་ཕལ་ཆེར་གྱེན་ལོག་པའི་ཚེ་སྲོག་ཞིག་ཡིན་པ་འདྲ། ངས་བདེན་པ་ཤོད་ཀྱི་ཡོད། བདེན་པ་ག་རེ་བྱས་ནས་བཤད་ཆོག་གི་མ་རེད། ང་ལ་གནད་དོན་ག་རེ་བྱུང་ཡང་ངས་བདེན་པ་བཤད་མཚམས་འཇོག་རྒྱུ་མིན། རྒྱུ་མཚན་ནི་ངའི་རྒྱལ་ཁབ་དེ་ཕྱིར་ལོག་རྒྱག་འཇུག་འདོད་མི་འདུག་ཅེས་བརྗོད་ཡོད་འདུག ཁོང་མོས་ཐོག་མ་ཕྱི་ལོ་༢༠༢༠ ཟླ་བ་༤ ཚེས་༡༤ བར་གྱི་སྔོན་ལ་སྐད་འཕྲིན་དང་(YouTube)(Twitter)་སོགས་ཀྱི་ཐོག་ཏུ་བརྙན་བརྒྱ་ལྷག་ཙམ་སྤེལ་ཡོད་འདུག དེའི་རྗེས་ཀྱི་ཉིན་མོ་ནས་ཁོང་མོ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ནས་བཙོན་འཇུག་བྱས་ཡོད་འདུག ཐོག་མ་ཁོང་མོས་བཙོན་ཁང་ནང་ཟླ་བ་འགའ་ཤས་རིང་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག་པ་དང་། ཟས་བཅད་ངོ་རྒོལ་བྱས་པའི་རྐྱེན་གྱིས་ཁོང་མོའི་གཟུགས་གཞི་ལ་ན་ཚ་བྱུང་ནས་དཀའ་ངལ་ཆེན་པོ་བྱུང་ཡོད་འདུག རྒྱ་ནག་ནང་ནད་དུག་ཁྱབ་དུས་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཚང་མ་བཀག་འགོག་ཆེན་པོ་བྱེད་ཀྱི་ཡོད་པའི་སྐབས་སུ། མི་མང་གསར་འགོད་པ་ཚོས་དངོས་ཡོད་གནས་ཚུལ་མང་པོ་ཞིག་ཕྱིར་བསྒྲགས་བྱེད་ཐུབ་ཡོད་འདུག་ལ། གཞུང་གིས་ཁོང་མོ་འདྲ་བའི་མི་མང་གསར་འགོད་པ་མང་པོ་འཛིན་བཟུང་དང་བཀག་ཉར། གར་སོང་ཆ་མེད་དུ་འགྱུར་མཁན་མང་པོ་ཡོད་འདུག དཔེར་ན། སྨན་པ་(Dr Li )ཟེར་བ་ཁོང་གིས་ནད་དུག་སྐོར་ཕྱིར་བསྒྲགས་བྱས་རྗེས་གཞུང་གིས་འཛིན་བཟུང་བྱས་ནས་མཐར། ཕྱི་ལོ་༢༠༢༠ ཟླ་བ་༡ ནང་གྲོངས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།