དགེ་སྡིག་ལྗིད་ཚད་གཞལ་མཁན་མ་རེད།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༩༧ )

བོད་ལ་མཚོན་ན་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་དང་། དེ་ལ་བརྟེན་ནས་བྱུང་བའི་འདུ་ཤེས་འཛིན་སྟངས་ཀྱང་ཡུལ་ལུང་གཞན་དང་མི་འདྲ་བ་མང་པོ་ཡོད། དུས་ཚོད་དང་ཁོར་ཡུག་གི་འགྱུར་ལྡོག་ནི་སུས་ཀྱང་འགོག་མི་ཐུབ་པར་འཚོ་བའི་དགོས་མཁོ་དང་བསྟུན་ནས་འགྱུར་བ་ཆེན་པོ་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། ད་ལྟའི་དུས་འདིར་བོད་ཀྱི་སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་ལ་འགྱུར་བ་འགྲོ་བཞིན་པའི་ནང་ནས། ཅུང་ཡ་མཚན་སྐྱེ་དགོས་པ་ཁ་ཤས་ཡོད་པའི་ནང་ནས་མི་ཚེ་གང་ལ་ནང་ཆོས་སྦྱངས་ཀྱང་། དོན་དུ་ལས་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་མེད་པ་དང་། རིག་གནས་དང་མི་ཚེའི་མདུན་ལམ། སྤྱི་ཚོགས་ཀྱི་དགོས་མཁོ་ཚང་མ་ཟ་བཏུང་ཁོ་ན་གཞི་རྩར་བཞག་ནས་ངོས་འཛིན་བྱེད་པའི་གོམས་གཤིས་ཤིག་རང་བཞིན་གྱིས་རྒྱུད་ལ་ཡོད་པ་ནི་རྒྱབ་ལྗོངས་དམིགས་བསལ་བ་ཞིག་ལ་བརྟེན་ནས་ཡོང་གི་ཡོད་སྲིད། གང་ལྟར་མིག་གིས་མཐོང་ཐུབ་པ་འབའ་ཞིག་ལས་གཞན་ཁས་མི་ལེན་པ་དང་། དེ་ཡང་ཟ་བཏུང་ཐོག་ནས་ཁེ་གྱོང་ཡོད་མེད་ཚད་འཇལ་བ་དེ་རེད། 

སྤྱིར་མི་ཙམ་དུ་མ་ཟད་སྲོག་ལྡན་སེམས་ཅན་གང་ཡིན་ཡང་ཟ་བཏུང་མེད་ན་ཚེ་སྲོག་གནས་མི་ཐུབ་པས་ཧ་ཅང་གལ་ཆེ་ཡང་། སྤྱིའི་དངོས་པོ་ཡར་རྒྱས་ཅུང་ཙམ་ཡོད་པའི་ཁོར་ཡུག་ཏུ་སྤྱི་ཚོགས་ཀྱི་ཡར་རྒྱས་ཡོད་མེད་ཀྱི་ཚད་འཛིན་ས་དང་། དམིགས་འདུན་གཙོ་བོའང་ཟ་བཏུང་ཁོ་ན་ཙམ་གཏན་ནས་མིན་ཡང་། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་གསུར་བཏང་ན་རྩམ་པ་སོགས་འཕྲོ་བརླག་ཡིན་པ་དང་། བསངས་གཏོང་སྐབས་ཀྱི་བསངས་རྫས་དང་རླུང་རྟ་སོགས་ཀྱང་འཕྲོ་བརླག་ཡིན་ཚུལ། དེ་དག་འཕྲོ་བརླག་མ་བཏང་བར་ཟས་གོས་སུ་བེད་སྤྱོད་བྱས་ན་འཚོ་བ་ལ་ཕན་ཐོགས་ཚུལ་རྗོད་མཁན་ཆོས་མེད་སྨྲ་བའི་ནང་མང་པོ་ཡོད་ཆོག་ཀྱང་། གཞན་ལ་ཆོས་བཤད་བྱེད་མཁན་དག་གི་ནང་དུའང་མཐོང་རྒྱུ་འདུག ད་དུང་ཤ་ཟ་དགོས་པ་དང་ཁ་ཟས་ཀྱི་ཆེད་ནོར་ལུག་མ་བསད་ན་མི་མང་གི་ཟས་གོས་ལ་གྱོང་གུད་ཆེན་པོ་ཡིན་ཚུལ་གྱི་བསླབ་བྱ་གནང་མཁན་ཡང་གཞན་ལ་ཆོས་བཤད་བྱེད་མཁན་ནང་ཡོད་པ་འདིའི་ཐོག་ནས་བལྟས་ན་ཆོས་དང་ཆོས་མིན་གྱི་དབྱེ་བའང་གཞུང་ལུགས་སུ་ཡོད་པ་ཙམ་ལས། སྤྱི་ཚོགས་ནང་ལག་ལེན་དངོས་ཀྱི་ཐོག་ནས་ས་མཚམས་འཛིན་དཀའ་བ་ལྟ་བུར་གྱུར་འདུག་པ་ནི། འཚོ་བ་ལ་བརྟེན་ནས་འདུ་ཤེས་ལ་འགྱུར་བ་སོང་བ་ཞིག་ཏུ་མཐོང་། 

མི་སྐྱའི་ནང་ནས་དེ་ལྟར་བཤད་མཁན་དང་ལས་འགུལ་སྤེལ་མཁན་མང་པོ་ཡོད་ན་དངོས་ཡོད་འཚོ་བའི་གནས་སྟངས་ལ་བརྟེན་ནས་བརྗོད་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ཀྱང་། ཆོས་འཆད་ཉན་བྱེད་མཁན་དག་གིས་དེ་ལྟར་བཤད་པ་ནི་ཆོས་ཕྱོགས་དང་འཇིག་རྟེན་པའི་མཐོང་ཕྱོགས་གང་ཐད་ནས་འོས་འཚམས་གཏན་ནས་མེད་པ་ལྟ་བུར་གྱུར་ཡོད། སྤྱིར་ད་ལྟའི་དུས་འདིར་ལག་ལེན་བྱེད་མཁན་ཡོད་མེད་ལ་མ་ལྟོས་པར་བཀའ་སློབ་གནང་མཁན་ཧ་ཅང་མང་བ་ནི། དྲ་རྒྱའི་དུས་རབས་ཀྱི་དམིགས་བསལ་དར་སྲོལ་དུ་གྱུར་འདུག ཕྱོགས་གཅིག་ནས་བཤད་ན་དུས་རྒྱུན་བཀའ་སློབ་གནང་རྒྱུར་དགའ་བ་ཕལ་ཆེ་བའི་བསམ་བློའི་ནང་རང་ཉིད་ཡང་དག་པ་དང་མཁས་པ་ཆེན་པོ་ཡིན་པ་དང་། བཀའ་སློབ་གནང་ཡུལ་དག་ནི་ད་དུང་གླེན་པ་དང་རྨོངས་པ་འབའ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡིན་པ་ལྟ་བུ་འདུག མི་མང་ཤོས་ཀྱིས་དགའ་མོས་གཙོ་བོ་བྱེད་ཡུལ་ཡིན་ན་སུ་གཅིག་ལ་བཅོས་བསྒྱུར་བྱ་རྒྱུའི་དབང་ཚད་མེད། དད་མོས་ཀྱི་ཐོག་ནས་སྤང་བླངས་ག་རེ་བྱས་ཀྱང་དེ་ལ་ངོས་འཛིན་བྱེད་དགོས། 

ནོར་ལུག་གསོད་དགོས་དང་མི་དགོས། ཤ་ཟ་དང་མི་ཟ། སྲོག་བསླུ་བྱེད་དང་མི་བྱེད་ནི་མི་མང་གི་རང་མོས་ཡིན་པ་ལས་སུ་གཅིག་གིས་བཙན་དབང་བྱེད་མི་ཆོག་ཅིང་། ལྷག་པར་དུ་ཆོས་པའི་མིང་ཐོག་ནས་ནོར་ལུག་གསོད་དགོས་ཚུལ་བཤད་པ་ནི་དེ་བས་ཀྱང་རང་ཉིད་ཀྱི་ཐོབ་ཐང་ཐོག་ནས་བསམ་ཡང་སྐབས་སུ་མ་བབས་པ་ཞིག་རེད། རེ་ཟུང་གིས་ས་ག་ཟླ་བར་དགེ་སྡིག་འབུམ་འགྱུར་ཞེས་པ་རྫུན་ཡིན་པའི་སྒྲུབ་བྱེད་དུ་སྒོར་མོ་གཅིག་སྒོར་མོ་འབུམ་དུ་འགྱུར་མི་སྲིད་ཚུལ་བརྗོད་འདུག་ཀྱང་། དོན་དངོས་སུ་ཟབ་པ་དང་རྒྱ་ཆེ་བའི་གནས་དག་ཕལ་བའི་མིག་གིས་མཐོང་ཐུབ་པ་ཞིག་མིན་པས། སངས་རྒྱས་ཀྱི་གསུངས་ཚད་མ་དང་པཎ་གྲུབ་དག་གི་ལུང་ཚད་མ་ཡིན་པར་ངོས་འཛིན་བྱེད་དགོས། སེམས་ཅན་གསོད་དགོས་མིན་དང་། ཤ་ཟ་དགོས་མིན། སྲོག་བསླུ་བྱེད་འོས་མིན་བཅས་ཀྱང་མཐར་གཏུགས་ན་ཟ་བཏུང་ལ་གཏུགས་འདུག་པས། གཙོ་བོ་ནི་བཀའ་སློབ་གནང་མཁན་གྱི་ངོས་ནས་གཞི་རྩའི་འཚོ་བའི་གནད་དོན་ཙམ་ཡང་ཐག་གཅོད་ཐུབ་མེད་པའི་བསམ་བློའི་རྒྱབ་ལྗོངས་ཐོག་ནས་དེ་ལྟར་དྲན་པ་ཞིག་རེད་སྙམ། 

མདོར་ན་སྲོག་གཅོད་དང་མི་གཅོད། ཤ་ཟ་དང་མི་ཟ། སྲོག་བསླུ་བྱེད་དང་མི་བྱེད་བཅས་མི་སྒེར་སོ་སོའི་རང་མོས་རེད། དོན་དུ་སྲོག་བསླུ་བྱས་ནས་དུས་ནམ་ཡང་མི་འཆི་བ་ཞིག་བྱེད་ཐབས་མེད་པ་དང་། རང་ཉིད་འཆི་རན་སྐབས་སྲོག་སྐྱོབ་མཁན་ཞིག་བྱུང་ན་དེའི་ཚོར་སྣང་བསམ་བློར་འཁོར་ཐུབ་པ་ཞིག་རེད། འོན་ཀྱང་དགེ་བ་ཡིན་མིན་ནི་སྲོག་བསླུ་བྱེད་མཁན་གྱི་ཀུན་སློང་ཁོ་ན་ལ་རག་ལས་པ་ཞིག་ལས། སྒོར་མོ་དང་ཟ་བཏུང་འབའ་ཞིག་ཚད་གཞི་ལ་བཞག་ནས་ཐག་གཅོད་ཆོག་པ་ཞིག་མ་རེེད། དཔེ་ཆར་ལྟ་མཁན་དག་གིས་དེ་ཁོ་ན་ལས་གཞན་དགེ་བ་མིན་ཚུལ་བརྗོད་པ་ལྟ་བུ་དང་། སྒོམ་སྒྲུབ་དང་། ཁ་ཏོན། མཆོད་སྦྱིན་སོགས་བྱེད་མཁན་དག་གིས་ཀྱང་དེ་ལྟར་བརྗོད་མོད། དོན་དུ་རང་ཉིད་ཀྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་འདུལ་ཐུབ་ཡོད་མེད་ཁོ་ནར་རག་ལས་ཡོད། རང་ཉིད་ཀྱིས་བྱས་པ་དེ་ཁོ་ན་ལས་གཞན་དག་དགེ་བ་ཡང་དག་མིན་ཚུལ་བརྗོད་རྒྱུ་ཡང་ལས་སླ་པོ་ཞིག་གཏན་ནས་མིན་ལ། རང་ཉིད་གཞན་གྱི་དགེ་སྡིག་གི་ལྗིད་ཚད་གཞལ་མཁན་ངོ་མ་དེ་མིན་པའང་དྲན་དགོས།།