ཨི་རན་གྱི་སྲིད་འཛིན་གནམ་གྲུ་བརྡབ་སྐྱོན་ཁྲོད་ཚེ་སྲོག་ཤོར་བ་དང་མི་མང་ཁག་ཅིག་གིས་དགའ་བསུ།

ཁ་སང་ཨི་རན་གྱི་བྱང་ཕྱོགས་ས་ཁུལ་ཞིག་ལ་གློག་ཁང་ཞིག་དབུ་འབྱེད་ཆེད་དུ་ཨི་རན་གྱི་སྲིད་འཛིན་དེར་ཕྱིན་ཡོད་འདུག་པ་དང་། ཚུར་ལོག་ཡོང་དུས་ལམ་བར་དུ་གནམ་གཤིས་ཡག་པོ་མེད་པར་སྨུག་པ་འཐིབས་པའི་རྐྱེན་གྱིས་གནམ་གྲུ་བརྡབ་སྐྱོན་བྱུང་སྟེ་ཚེ་སྲོག་ཤོར་ཡོད་འདུག
ཕྱི་ཚེས་༢༠ ཉིན་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་རྒྱབ་ལ་ཨི་རན་གྱི་སྲིད་འཛིན་ཨི་རན་གྱི་བྱང་ཕྱོགས་མངའ་སྡེ་(Azerbaijan)ཟེར་བའི་ནང་གློག་ཁང་ཞིག་གི་དབུ་འབྱེད་ཆེད་དུ་བསྐྱོད་ཡོད་འདུག་པ་དང་། དེའི་རྗེས་སུ་ཚུར་ལོག་ཡོང་དུས་གནམ་གཤིས་ཡག་པོ་མེད་པ་དང་སྨུག་པ་འཐིབས་པའི་དབང་གིས་གནམ་གྲུ་རིའི་སྒང་བརྡབ་སྐྱོན་ཤོར་ནས་ཁྱོན་མི་དགུ་བསད་ཡོད་འདུག དེའི་ནང་དུ་ཨི་རན་གྱི་སྲིད་འཛིན་(Ebrahim Raisi)དང་། ཕྱི་སྲིད་བློན་ཆེན་(Hossein Amar)གཞན་བདེ་སྲུང་མི་སྣ་བདུན་བཅས་ཡོད་འདུག སྤྱིར་དོན་རྐྱེན་དེ་ཁ་སང་ཉིན་རྒྱབ་ཏུ་བྱུང་ཡོད་ཀྱང་། གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་མྱུར་སྐྱོབ་མི་སྣ་ཡོང་བར་དུས་ཡུན་ཆུ་ཚོད་བཅུ་དྲུག་འགོར་ཡོད་འདུག་ལ། དེ་རིང་གཟའ་ཟླ་བའི་ཞོགས་པའི་ཆུ་ཚོད་༨ ཡས་མིན་ཙམ་ལ་རྙེད་ཡོད་འདུག ཕུང་པོ་བརྡབ་སྐྱོན་ཚབས་ཆེན་བྱུང་བའི་རྐྱེན་གྱིས་མིའི་ངོ་རྟགས་གསལ་པོ་ཆོད་ཀྱི་མེད་པར་བརྗོད་འདུག དོན་རྐྱེན་དེའི་འབྱུང་ས་ནི་རི་དང་ལ་ལུང་མང་པོ་ཡོད་པའི་ས་ཆ་ཞིག་ལ་བྱུང་ཡོད་འདུག་པར་བརྟེན། མྱུར་སྐྱོབ་པ་དུས་ཐོག་ཏུ་འབྱོར་རྒྱུ་ཁག་པོ་ཆགས་ཡོད་འདུག ཨི་རན་གྱི་སྲིད་འཛིན་དེ་ཕྱི་ལོ་༢༠༢༡ ནང་སྲིད་འཛིན་ཆགས་ཡོད་འདུག་པ་དང་། ཁོ་སྲིད་འཛིན་ཆགས་པ་ནས་བཟུང་ཨི་རན་ནང་དོན་རྐྱེན་དུ་མ་བྱུང་ནས་གནས་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད་འདུག དེ་ཡང་ཨི་རན་གྱི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་དང་། རྒྱལ་ཁབ་ནང་གཞུང་ལ་མི་མང་གིས་ངོ་རྒོལ་རྒྱ་ཆེན་པོ་བྱས་ཡོད་པ། ཨི་སི་རེལ་དང་ཨི་རན་གཉིས་བར་དམག་འཁྲུག་ཤོར་བ་སོགས་ཀྱི་དོན་རྐྱེན་དུ་མ་བྱུང་ཡོད་འདུག

སྲིད་འཛིན་(Ebrahim Raisi)་ནི་(Mashhad)ཟེར་བ་ཨི་རན་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པའི་ནང་ཕྱི་ལོ་༡༩༦༠ ནང་སྐྱེས་ཡོད་ཅིང་ད་ལྟ་རང་ལོ་༦༣ ཡིན་འདུག ཁོ་རང་༡༥ ཙམ་ནས་རང་ཉིད་ཕ་ཡི་རྗེས་སུ་འབྲངས་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ཨི་རན་ནང་གི་ཤུགས་རྐྱེན་ལ་ངོ་རྒོལ་ཤུགས་ཆེན་བྱེད་མྱོང་ཡོད་འདུག་ལ། ཁོས་ཕྱིས་སུ་ད་ལྟའི་ཨི་རན་གྱི་དབུ་ཁྲིད་མཐོ་ཤོས་(Ayatollah Khamenei)་རྗེས་སུ་འབྲངས་ནས་ཨི་རན་ནང་མི་མང་པོ་ལྐོག་གསོད་བཏང་བ་དང་། འཇུ་བཟུང་བཙོན་འཇུག་བྱས་པ་སོགས་ཀྱི་གནད་དོན་དུ་མའི་ཁྲོད་འགན་འཁུར་གཙོ་བོ་བྱེད་མཁན་ཞིག་ཡིན་འདུག མི་མང་ལྐོག་གསོད་དང་འཇུ་བཟུང་བྱས་པ་དེ་དག་མང་ཆེ་བ་ཕྱོགས་འགལ་སྲིད་དོན་ཚོགས་པ་(the People’s Mujahedin Organisation of Iran)་གྱི་མི་ཡིན་འདུག་པ་དང་། འགྲོ་བ་མིའི་ལྟ་ཞིབ་ཚོགས་པ་ཁག་གིས་ཚོད་དཔག་བྱེད་དོན་ལ། མི་མང་བཙོན་འཇུག་བྱས་པ་དང་ལྐོག་གསོད་བཏང་བ་ཁྱོན་མི་མང་༥༠༠༠ ཙམ་ཡིན་པར་རྗོད་ཀྱི་ཡོད་འདུག ཁོ་ནི་རྙིང་ཞེན་གྱི་ལྟ་བ་ཡོད་མཁན་ཞིག་ཡིན་འདུག་པ་དང་། ཕྱི་ལོ་༢༠༢༡ ལོར་ཁོ་སྲིད་འཛིན་གྱི་འོས་མིར་ལངས་ནས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ཡོད་འདུག ཁོ་སྲིད་འཛིན་ཆགས་པ་ནས་བཟུང་ཕྱོགས་འགལ་གུ་ཡངས་སྲིད་དོན་ཚོགས་པ་ལ་རྒོལ་རྡུང་གཏོང་རྒྱུ་མང་དུ་ཕྱིན་ནས་མི་མང་ཕོན་ཆེན་ཞིག་གི་ཚེ་སྲོག་ཤོར་བ་དང་། བཙོན་འཇུག་ཁྲིམས་ཐག་གཅོད་པ་སོགས་ཀྱི་དཀའ་ངལ་མང་པོ་སྤྲད་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།