༢༠༢༤ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༩ པའི་རྒྱལ་ཁ་མོན་གྷོ་འདོད་རྒུ་གླིང་ལ་ཐོབ་སོང་།
ཟླ་འདིའི་ཚེས་༣༠ ཉིན་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་༢༩ པའི་མཐའ་མའི་རྟིང་རྩོད་འགྲན་བསྡུར་དེ་གྷོ་ལ་ཐ་ལའི་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་བར་འགྲན་ནས། མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་རྒྱལ་ཏེ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་བླངས་སོང་།

ད་ལན་རྩེད་འགྲན་ཐེངས་༢༩ པའི་མཐའ་མའི་རྟིང་རྩོད་ཀྱི་འགྲན་བསྡུར་གྱི་ཉིན་མོར། མོན་གྷོ་འདོད་རྒུ་གླིང་དང་གྷོ་ལ་ཐ་ལ་གཉིས་བར་འགྲན་ཡོད་པ་དང་། སྐབས་དེར་གྷོ་ལ་ཐ་ལས་སྤོ་ལོ་གཉིས་དང་མོན་གྷོ་འདོད་རྒུ་གླིང་གིས་སྤོ་ལོ་གསུམ་བླུགས་ཏེ་ད་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་བྱ་དགའ་དེ་མོན་གྷོ་འདོད་རྒུ་གླིང་གིས་བླངས་སོང་། ཨང་དང་པོ་ལ་བྱ་དགའ་ཧིན་སྒོར་འབུམ་གཉིས་དང་། ཨང་གཉིས་པ་ལ་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀ་ཡོད་འདུག གཞན་ཡང་ཐེངས་འདིར་སྤོ་ལོ་བླུག་མང་ཤོས་དང་རྩེད་འགྲན་པ་ཡག་ཤོས་སོགས་ཀྱི་བྱ་དགའ་སྤྲོད་སྐབས། གྷོ་ལ་ཐ་ལའི་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་རྣམ་རྒྱལ་གྱིས་སྤོ་ལོ་བརྒྱད་བླུགས་ནས་སྤོ་ལོ་མང་ཤོས་གླུག་མཁན་གྱི་བྱ་དགའ་ཐོབ་པ་དང་། མོན་གྷོ་འདོད་རྒུ་གླིང་གི་རྩེད་འགྲན་པ་ཉི་མ་དོན་གྲུབ་ལ་རྩེད་འགྲན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་སོང་། དེ་བཞིན་ཀོ་ལི་གྷལ་དོན་ལྡན་གླིང་གི་རྐང་སྤོལ་རུ་ཁག་ལ་བཟང་སྤྱོད་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་མ་ཟད། རུ་ཁག་དེའི་རྩེད་འགྲན་པ་བསྟན་འཛིན་ཆོས་རབ་ལ་སྒོ་ར་བ་ཡག་ཤོས་ཀྱི་བྱ་དགའ་ཐོབ་སོང་། ཐེངས་འདིའི་རྩེད་འགྲན་པ་ཆུང་ཤོས་ཀྱི་བྱ་དགའ་ནི་ལོ་ན་༡༣་ལ་སོན་པའི་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་ཚེ་རིང་དོན་གྲུབ་ལ་ཐོབ་སོང་།
སྤྱིར་རྩེད་འགྲན་དེའི་མཐའ་མའི་རྟིང་རྩོད་འགྲན་བསྡུར་དེ་མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་དང་དྷ་ས་ཆིག་སྒྲིལ་རུ་ཁག་བར་ཁེལ་ཡོད་ཀྱང་། དྷ་ས་ཆིག་སྒྲིག་རུ་ཁག་གི་སྒོ་ར་བའི་རང་བཙན་ལག་དེབ་དང་འབྲེལ་བའི་རྙོག་གླེང་བྱུང་ཡོད་པར་བརྟེན། བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་སྒྲིག་གཞི་ལྟར། དྷ་ས་ཆིག་སྒྲིལ་རུ་ཁག་རྩེད་འགྲན་ནས་བུད་ཡོད་འདུག རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས༢༩ པ་དེ་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཟླ་འདིའི་ཚེས་༡༥ ནས་འགོ་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ནང་ས་གནས་༡༦ ནས་རྐང་སྤོལ་རུ་ཁག་༡༦ མཉམ་ཞུགས་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
