རྒལ་སྤྱིའི་འབུམ་རམས་པ་བློ་བཟང་སེང་གེ་མཆོག་ལ།

གདོང་དམར་ཁ་བ་ཅན་གྱི་གཏམ་རྒྱུད་ནང་དུ།།

གཤིས་བཟང་ཨ་མའི་བུ་ལ་འཇོན་ཐང་ཡོད་ན།།

དགའ་ལྡན་གསེར་གྱི་ཁྲི་ལ་བདག་པོ་མེད་ཅེས།།

བཤད་པའི་ཚིག་དེའི་གོ་བ་དེ་རིང་བརྙེད་སོང་།།

སྲོང་བཙན་སྒན་པོའི་སྙིང་སྟོབས་ཁྱོད་ལ་ལྡན་གི།

ཁྲི་རལ་ཅན་གྱི་ཤེས་ཡོན་ཁྱོད་ལ་ཡོད་ཀི།།

ལྡེ་བཙན་རྗེ་ཡི་ལྷག་བསམ་ཁྱོད་ལ་ཚང་གི།

བཙན་པོ་གསུམ་གྱི་མི་རྒྱུད་ཁྱོད་ལས་མི་འདུག།

རྒྱལ་སྤྱིའི་ཁྲིམས་ཀྱི་མཁྱེན་རྒྱ་ཁྱོད་ལ་མངའ་འོ།།

གཞིས་བྱེས་བོད་མིའི་སེམས་ཁམས་ཁྱོད་ཀྱིས་རྟོགས་ཐལ།།

དམར་པོ་རྒྱ་ཡི་སྙིང་སྟོབས་ཁྱོད་ཀྱིས་བསྒུལ་སོང་།།

ས་ཡ་དྲུག་གི་དབུ་ཁྲིད་ཁྱོད་ལས་མི་དགོས།།

ཤར་ནུབ་རྒྱལ་ཁབ་ཀུན་གྱི་གཙག་གིས་བཀར་བའི།།

ས་ཆེན་གོ་ལའི་སྟེང་གི་མཐོ་སློབ་ཆེ་མོའི།།

ཁྲིམས་ལུགས་དགེ་རྒན་ཆེན་མོའི་མིང་བྱང་བཞེས་ཉིན།།

ཁ་བའི་རི་ཐང་ཀླུང་གསུམ་གསོན་ཤུགས་རྒྱས་སོང་།།

རྐང་ལམ་གཞུང་ལམ་བསྒྱུར་བའི་བརྒྱུད་རིམ་དེ་ནས།།

མི་རབས་གསར་བ་ཞིག་གི་མྱུ་གུ་འཁྲུངས་སོང་།།

དམངས་གཙོའི་གཞུང་ཞིག་ཡིན་པའི་བརྡ་ཞིག་བསྟན་སོང་ །།

རེ་བ་གསར་བ་ཞིག་གིས་སེམས་ཁམས་བཀང་སོང་།།

བླ་མ་བྱིན་རླབས་ཅན་པོའི་ཐུགས་རྗེས་གཟིགས་ཤིང་།།

ཆོས་སྐྱོང་དྲག་རྩལ་ཅན་པོའི་སྡོང་གྲོགས་མཛད་དེ།།

བུ་ཆུང་འཇོན་ཐང་ཅན་པོའི་ལས་དོན་མཐའ་དག།

མྱུར་བ་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུས་ཡོད།།

དེ་རིང་སྤྲོ་དགུས་བཀང་བའི་དུས་ཚིགས་འདི་ལ།།

ཐམས་ཅད་ཐོབ་སོང་སྙམ་པའི་ཚོར་བ་ཞིག་གིས།།

ང་ཡི་སྨྱུ་གུའི་རྩེ་མོ་ཤུགས་ཀྱིས་བསྒུལ་ཏེ།།

ཁྱོད་ལ་བསྟོད་པའི་ཚིག་གསུམ་ངག་ནས་ཤོར་སོང།།

མི་རབས་གསར་བའི་སྙིང་སྟོབས་ཀྱི་ཉིན་མོ