རང་བཙན་གྱིས་ང་ཚོ་འཆི་ལམ་དུ་བརྫང་ངེས།

དེས་ན་ང་ཚོས་མེ་ཆུ་ལྟར་འགལ་བ་ལྟག་སྤྲོད་དུ་གནས་པའི་ལངས་ཕྱོགས་འདི་གཉིས་ཀྱི་རྒྱབ་ལྗོངས་ལ་ཅུང་ཟད་དཔྱད་ན། རང་བཙན་པ་དག་གིས་ནི་བོད་དེ་མ་འོངས་པར་རྒྱ་ནག་གི་འཛིན་སྐྱོང་ལས་རྦད་དེ་ཐ་དད་པའི་རང་བཙན་གཙང་མའི་ལྟ་བ་དེ་འདས་པའི་ལོ་རྒྱུས་གཞིར་བཞག་གི་སྟེང་ནས་སྒྲུབ་ཅིང་དེ་ལྟར་དུ་བརྩོན་ལེན་བྱ་རྒྱུ་ཡིན་པར་འདོད།  ཕྱིས་སུ་སྐྱེས་པའི་བོད་རིགས་གཞོན་པ་རྣམས་ཀྱི་ནང་དུ་འདི་ལ་རྒྱབ་སྐྱོར་བྱེད་མཁན་ཀྱང་མི་ཉུང་བ་ཡོད་དེ།  རང་དབང་ཚོགས་པ་ཆེ་གྲས་གཞོན་ནུ་སྒྲིག་འཛུགས་ནི་རང་བཙན་པའི་ཚབ་མཚོན་ལྟ་བུ་ཆགས་ཡོད།  རྒྱ་གཞུང་ནས་ཀྱང་ཚོགས་པ་འདིར་ལྟ་སྟངས་ཤིན་ཏུ་མི་བཟང་ཅིང་འཇིགས་སྐུལ་རང་ལུགས་པ་ཡིན་པར་ཡང་བསྒྲགས་བཞིན་ཡོད། འོན་ཀྱང་། དེ་ནི་རྒྱུ་མཚན་དང་གནས་ལུགས་ལ་མི་བརྩིས་པའི་རང་ཉིད་ཀྱི་ངོ་གདོང་བསྟན་པ་ཙམ་ལས་གཞོན་ནུ་འཇིགས་སྐུལ་པ་ཡིན་པའི་སྒྲུབ་བྱེད་གཏན་ནས་མེད།  ཐབས་ཞི་བ་འཚེ་མེད་ཀྱི་ལམ་ནས་རང་བཙན་ལེན་པར་སྨྲ་བ་ནི་དབུ་མ་པ་དང་ཆ་འདྲ་སྟེ་སྤྱོད་པ་འཚེ་བ་མེད་པའི་ལམ་ཡིན་པར་བཤད། ལྟ་བ་ལོ་རྒྱུས་ལ་གཞིར་བཅོལ་ཞིང་ལོ་རྒྱུས་དང་རང་བཙན་གཉིས་ངོ་བོ་དབྱེ་མེད་ངང་ཆབ་སྲིད་ཀྱི་ལག་ཆར་བགོས་ཏེ་དེའི་ལམ་དུ་བསྐྱོད་པ་ཡིན་པར་འདོད་པ་ནི་རང་བཙན་སྨྲ་བ་དག་གི་སྤྱིའི་རྒྱབ་ལྗོངས་ཙམ་རེད། 

བོད་དོན་དང་ཁ་འབྲལ་ཐབས་མེད་པར་ད་བར་བོད་དོན་ཚབ་མཚོན་པའམ་རྒྱལ་སྤྱིའི་ནང་ཆེས་གཙོ་རྒྱུགས་ཀྱི་གོ་གནས་བཟུང་མཁན་དེ་ནི་གོང་ས་ཏྭ་ལའི་བླ་མ་མཆོག་གིས་བཏོན་གནང་དེ་བཙན་བྱོལ་བོད་རིགས་མང་དག་གིས་རྒྱབ་སྐྱོར་ཐོབ་པ་དང་། བཙན་བྱོལ་བོད་མའི་གཞུང་ངམ་སྒྲིག་འཛུགས་ཀྱིས་ལག་ཏུ་བསྟར་བཞིན་པའི་ལམ་དབུ་མ་རེད།  ལམ་དབུ་མའང་གློ་བུར་དུ་བྱུང་བ་མ་ཡིན་པར་དཀྱོག་དཀྱོག་གི་འགག་སྒོ་མང་པོ་ཞིག་བརྒྱུད་དེ་ད་གཟོད་ད་ལྟའི་སྒྲོམ་གཞི་འདི་བྱུང་།  རང་བཙན་ནི་འདིའི་ཆད་མཐའ་གཅིག་ཏེ་ངེས་པར་དུ་བརྩོན་ལེན་མི་བྱ་བའི་འདོར་བྱ་གཉིས་ནང་གི་གཅིག་རེད།  གཉིས་སྨན་ཞེས་ཕྱོགས་གཉིས་ཀར་ཁེ་ཕན་ལྡན་པར་སྨྲ་བའི་རྒྱ་ནག་ཕྱོགས་ཀྱི་ཁེ་ཕན་གཅིག་པོའང་དེ་ཉིད་རེད།  ཕྱོགས་གཞན་ཞིག་ནི་རྒྱ་གཞུང་གིས་ད་ལྟའི་བོད་ཀྱི་སྟངས་འཛིན་ལམ་ལུགས་ཏེ་ཁ་བཀྲམས་ཕྱོགས་གྱེས་ཀྱི་གནད་དོན་སོགས་ཡིན་ཞིང་།  གནད་དོན་ཆེན་པོ་འདི་གཉིས་ཀྱི་དབུས་སུ་ཕྱོགས་གཉིས་ཀར་ཁེ་ཕན་ལྡན་པའི་ཞི་འགྲིག་ཉེན་འགོག་གི་ཆབ་སྲིད་ཀྱི་ཐབས་ལམ་དེ་ཡིན་ཀྱང་། ཞིབ་དུ་བཀྲལ་ན་འདི་ལ་བྱུང་རིམ་དང་ཡན་ལག  རྒྱབ་ལྗོངས་དང་གནས་ལུགས་སོགས་མང་ཡང་དོན་དམ་པའི་གནད་ཀྱི་སྙིང་པོ་དེ་དེ་ཉིད་ཡིན་པས་ཞོར་དུ་སྤྱིར་བཤད་ཙམ་དང་། 

   དེ་ནས་གཙོ་གལ་ཆེ་ཤོས་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་འདི་གཉིས་ཀྱི་མ་འོངས་པའི་ཐག་གཅོད་ཀྱི་ནུས་པ་དང་ད་ལྟའི་དངོས་ཡོད་རང་བཞིན་གྱི་གནས་བབ་སོགས་རྒྱུ་རྐྱེན་གཉིས་དང་།  ཆབ་སྲིད་ཀྱི་ཁོར་ཡུག་ཏེ་རྒྱལ་སྤྱི་དང་རྒྱ་ནང་གི་ཤུགས་རྐྱེན་གྱི་འགྱུར་ལྡོག་ཏེ་ཕྱི་ནང་གཉིས།  དེ་བཞིན་དུས་ལ་སྔ་ཕྱི་གཉིས་ལས་སྔ་བ་ནི་ཁ་ཚ་དགོས་གཏུགས་ཀྱི་མིག་སྔའི་གནད་དོན་སྟེ་བོད་ཀྱི་ཁོར་ཡུག་དང་རིག་གནས་སོགས་ཀྱི་གནད་དོན་དང་།ཕྱི་བའང་དེ་བཞིན་ཛ་དྲག་གཉེན་འཕྲང་སྐབས་ཀྱི་ཕྱི་བ་ནི་ཕྱིར་འོངས་མེད་པའི་ཕྱི་བ་སྟེ་ལས་ཀྱི་མཐའ་དང་། དུ་དུང་མཇུག་འབྲས་ཡོད་མིན་གཉིས་ལས་ལམ་གང་ལ་སྲིད་པའི་ཕྱོགས་ཀྱི་ཆ་མང་བ་སོགས་ནི་རེ་རེ་ནས་ཞིབ་ཏུ་བསམ་དགོས་རྒྱུ་ནི་གནད་ཀྱི་དམ་པ་སྟེ་རྩོམ་ཡིག་འདིའི་སྙིང་དོན་ཀྱང་ཡིན།  རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་ཡོངས་སུ་དབང་བསྒྱུར་ཏེ་དུས་རབས་ཕྱེད་ལྷག་འགོར་གྱི་ཡོད་ཅིང་བོད་པ་རྣམས་བཙན་བྱོལ་འཁྱམ་པའང་དེ་དང་དུས་མཉམ་ཡིན།  བོད་ཀྱི་གནད་དོན་ཅེས་བྱུང་བའང་དུས་ཚོད་དེའི་རིང་ཡིན་ཏེ་རྒྱ་གཞུང་གིས་གསར་བརྗེ་ལ་ཁ་གཡར་ཏེ་བོད་ཀྱི་བདག་དབང་འཕྲོག་པ་དང་བཅོས་བསྒྱུར་ལ་ཁག་བཀྲིས་ཏེ་བོད་ཀྱི་སྣོད་བཅུད་གཉིས་ཀར་ཚད་མེད་ཀྱི་གནོད་སྐྱོན་ཐེབས་པ་དང་ལྷན་དུ།  གོང་ས་ཏྭ་ལའི་བླ་མ་གཙོས་པའི་ཡུལ་གྱར་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱལ་སྤྱིའི་ཐོག་བོད་དོན་མངོན་གསལ་ཅན་དང་རྒྱལ་སྤྱི་ཅན།  དེ་བཞིན་རྒྱ་གཞུང་གི་དྲག་པོའི་དབང་བསྒྱུར་ལ་ངོ་རྒོལ་མཐའ་གཅིག་ཏུ་འབད་བརྩོན་བྱས་པའི་ཉེར་ལེན་གྱིས་ད་གཟོད་རྒྱལ་སྤྱིའི་སྟོབས་ཤུགས་དང་ནུས་པ་ལྡན་པའི་བོད་ཀྱི་གནད་དོན་འདི་བྱུང་།  འོན་ཀྱང་བོད་ཀྱི་རང་བཙན་གྱི་གནས་བབ་ནི་སྔར་བཞིན་ཁེར་རྐྱང་ཡིན་པ་ལས་འདི་ལ་མངོན་གསལ་གྱི་རྒྱབ་སྐྱོར་ཐོབ་མྱོང་མེད།  རྒྱུ་མཚན་ཀྱང་བོད་ལ་རང་བཙན་གྱི་ལོ་རྒྱུས་མེད་པ་མ་ཡིན་པར་རྒྱ་ནག་ནུས་པ་ལྡན་པའི་སྟོབས་ཆེན་གྱི་ཕྱོགས་སུ་མཚར་ལོངས་བྱུང་བཞིན་པ་ཡིན་པས་བསྟུན་དགོས་ཆགས་པས་ཡིན།  རྒྱལ་སྤྱིའི་སྤྱི་ཚོགས་དང་མ་བསྟུན་པར་བོད་ལ་རང་ངོས་ནས་རང་བཙན་རྩོད་ལེན་བྱས་པའི་ནུས་པ་ནི་ནམ་མཁའི་པདྨོ་དང་རྣམ་པ་ཀུན་ནས་མཚུངས།  གལ་སྲིད་རྒྱལ་སྤྱིའི་ཕྱོགས་ནས་བོད་རང་བཙན་ལ་ངོས་ལེན་བྱ་སྲིད་པའི་དབང་དུ་བཏང་ནའང་དེ་དུས་ཚོད་ཧ་ཅང་རིང་པོ་ཞིག་གི་རྗེས་སུ་ཡིན་སྲིད་པ་ལས་ད་ལྟའིདངོས་སྤྱི་འགྲོས་ལ་བལྟས་ནས་ཚོད་དཔག་བྱེད་ན་དཀའ་ཚོད་རེད།  ད་ལྟ་འགྲོ་བ་མིའི་རིགས་ཀྱི་རིག་པའི་ཉིང་བཅུད་དུ་འབོད་པའི་བོད་ཀྱི་རིག་གནས་དང་འཛམ་གླིང་ས་ཡི་ཡང་རྩེར་བགྲང་བའི་བོད་ཀྱི་སྣོད་བཅུད་གཉིས་ཀར་ཉམས་ཆག་འགྲོ་བཞིན་པའི་སྒང་ཡིན་ཅིང་འདི་ལྟར་དུས་ཚོད་ཅི་ཙམ་གྱིས་སྒུག་མིན་ཀྱང་མི་ཤེས།  མི་རིགས་ཀྱི་སྲོག་རྩར་སྨྲ་བ་བོད་ཀྱི་སྐད་དང་དེའི་མཚོན་པའི་ཐ་སྙད་རིག་གནས་ནི་བོད་ནང་ཙམ་མ་ཟད་བོད་ཀྱི་ཆོས་རིག་སྲུང་སྐྱོབ་བྱེད་པར་སྨྲ་བའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་དུའང་ཉམས་ཆག་ཇི་ལྟར་འགྲོ་བཞིན་ཡོད་མིན་ས་རིས་ཐང་གསལ་ཡིན་ཞིང་།  དབུ་མ་ལམ་ནི་ཕྱི་ནང་གཉིས་ལས་ཕྱིའི་སྟོབས་ཤུགས་དང་བསྟུན་ཅིང་སྔ་ཕྱི་གཉིས་ལས་ཕྱི་བའི་ཉེན་ཁ་ལ་ཡོལ་བའི་རྣམ་དཔྱོད་ལྡན་པའི་མཐའ་གཉིས་སྤང་པའི་ཞི་གྲོས་ཀྱི་ཐབས་ལམ་ཏེ།  དུས་ཀྱི་ཆ་ནས་སྔ་མ་ལས་ལྡབ་འགྱུར་གྱིས་མྱུར་བར་སྲིད་པ་ལྟོས་བཅས་རིགས་པའི་ལུགས་སུ་གསལ་བ་ཡིན།  དེས་ན་རང་བཙན་ནི་དེ་ལྟར་མིན་ནམ་ཞེ་ན།  རང་བཙན་ནི་དབུ་མའི་ཆད་མཐའ་གཅིག་ཏེ་འདི་ལ་གོང་གི་རྒྱུ་རྐྱེན་དེ་རྣམས་ཀྱིས་སྤང་བྱའི་ཆོས་སུ་བྱས་ལ་སླར་གསོ་བ་ལས་གཡུག་པར་རུང་བའི་ཐབས་སུ་བྱས་ནས་གཏན་ལ་ཕབ་པ་ཡིན་ཞིང་།  གལ་སྲིད་དེ་ལྟར་རང་བཙན་ལ་མུ་མཐུད་དུ་ཨུ་ཚུགས་ཀྱིས་ཤ་འཇུ་པགས་འཐམས་བྱས་ན་རང་བཙན་གྱིས་ང་ཚོ་འཆི་ལམ་དུ་བརྫང་ངེས་ཡིན།  དུས་ཚོད་ནི་རང་བཙན་ལས་ཀྱང་གལ་ཆེ་བའི་མིག་སྔའི་མིག་མཐོང་ལག་ཟིན་གྱི་གནད་དོན་ཡིན་པས་ནང་གི་སྟོབས་ཤུགས་དང་ངོ་བོ་རྨེག་རྨད་དུ་སོང་ན་དེ་ནི་རང་ཤི་རྒྱག་པ་དང་གཉིས་སུ་མ་མཆིས།  དེ་ཡང་ཅུང་ཁ་གསལ་ཙམ་བཏང་ན།  དེང་སང་བོད་ནང་ས་ཁུལ་གང་སར་ལོ་རེར་བཞིན་རྒྱུ་ལུགས་ཅན་དུ་འགྱུར་བཞིན་པ་ནི་དེའི་ཕྱོགས་སྟོན་ཙམ་རེད།  ཐུན་མོང་མ་ཡིན་པའི་བོད་ཀྱི་ཁྱད་ཆོས་དང་རང་ཚུགས་ཡོངས་སུ་ཤོར་ཏེ་རྒྱ་རྣམས་དང་ངོ་བོ་གཅིག་ཏུ་འདྲེས་མཚམས་བོད་དོན་འདི་རྩོད་དགོས་པའི་རྒྱུ་མཚན་ཡོད་དམ།  དེ་དུས་ཕྱི་ཕྱོགས་སུ་སྐད་འབོད་བྱེད་མཁན་གྱི་བོད་མི་ཡོད་མིན་གྱི་ཁྱད་པར་ཅིའང་མེད།   རང་བཙན་ཡིན་པར་སྒྲུབ་ཤེས་མིན་གྱི་གནད་་དོན་ཙམ་ཡིན་པར་དངོས་ཡོད་ཀྱི་གནད་དོན་དང་འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ལ་བསམ་བཞིགས་ནན་ཏན་བྱེད་ན།  རང་བཙན་གྱིས་ང་ཚོ་ལམ་གང་ཞིག་ཏུ་ཁྲིད་མིན་ཡང་ཤེས་དཀའ།  ད་ལྟའི་ཆར་བོད་རང་བཙན་ལ་རྒྱ་གཞུང་གིས་ཁྲིམས་མཐུན་གྱིས་རྒོལ་བར་རུང་བའི་གནད་དོན་ཞིག་ཆགས་ཡོད་པས་རང་བཙན་བརྩད་ན་རྒྱ་གྲོགས་སུ་མི་འགྱུར་བའི་ངེས་པའང་མེད། 

མུ་འགོད།