སྤང་མདའ་ཚང་གི་བྱུང་བ། མུ་འགོད་དང་པོ།
ཞེས་སྙན་ཚིག་གི་མདུན་བསུ་ནས་གང་འཆད་པ་བྱ་བ་ནི། གངས་རི་བསིལ་ལྡན་གྱི་ཞིང་དུ་བོད་ཤར་ཕྱོགས་སྨར་ཁམས་སྒང་ཀླུ་མི་མགོན་དཀར་མོའི་ཕོ་བྲང་དུ་གྲགས་པའི་ཁམས་ཀྱི་འབུམ་མཚོ་ཕྱུག་མོ་དང་ཆེས་ཉེ་བའི་ཆུ་བོ་ཆེན་མོ་འབྲི་ཟླ་གཉིས་ཀྱི་དབར་ན་གནས་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དཔའ་མཛངས་གཉིས་ལྡན་ཕུལ་བྱུང་གི་མི་སྣ་སྤང་མདའ་དཔོན་གྱི་ལོ་རྒྱུས་ཤིག་དུས་ཀྱི་དགོས་མཁོ་དང་འབྲེལ་བའི་ཐོག་ནས་ཞུ་འདོད་སྐྱེས། སྤྱི་བཏང་སྤང་མདའ་ཞིག་པའི་མིང་དེ་ཡུལ་མིང་ཁྱིམ་ཚང་ལ་ཐོག་པ་ཞིག་ཡིན་པར་གྲགས། སྤང་མདའ་ཚང་ནི་འབངས་མི་ཁྲི་ཚོ་གཅིག་ལྷག་ཡོད་པའི་སྐུ་དྲག་ཞིག་རེད་ལ། བོད་ཡུལ་མདོ་དབུས་ཁམས་གསུམ་ན་ཡོངས་སུ་གྲགས་པའི་འབྱོར་ལྡན་ཞིག་ཀྱང་རེད། ཁོང་ཚང་ཆོས་སྲིད་གང་ཐད་ནས་རླབས་ཆེན་གྱི་བྱས་རྗེས་འཇོག་མྱོང་ཡོད་པ་མ་ཟད་ས་དགེ་བཀའ་རྙིང་གཙོས་པའི་རིས་སུ་མ་མཆེད་པའི་ཆོས་བརྒྱུད་ཁག་གི་བསྟན་པ་མཆོད་སྦྱིན་གྱི་བདག་པོ་ཞིག་ཏུ་ངོ་འཛིན་ནའང་མི་འགྲིག་པ་མེད། ཡིན་ནའང་སྤང་མདའ་ཚང་གི་ལོ་རྒྱུས་འདི་ཉན་ན་སྐབས་རེ་དགོད་བྲོ་ལ་སྐབས་རེ་ངུ་ཡང་བྲོ་བའི་རྙོགས་འཛིང་ཅན་གྱི་བྱུང་བ་ཞིིག་ཡིན་ལ་སྐབས་རེ་བཙན་བྱོལ་ནང་དུ་མི་གྲགས་རེ་ཟུང་ལ་ཡང་ཕོག་ཐུག་འགྲོ་ངེས་ཡོད། ཡིན་ནའང་འདས་པའི་བྱུང་བ་ལ་རང་བཟོའི་བསམ་བློ་དང་རྟོག་བཏགས་ཀྱི་སྦས་གསང་བྱེད་རྒྱུ་མེད་སྟབས་ད་ཡོད་ཀྱི་ལོ་རྒྱུས་བདེ་ཐེར་ཁག་ལ་ཁུངས་གཏུགས་ནས་བཤད་དགོས་པ་དེ་འོས་འགན་ཞིག་ཏུ་མཐོང་། མུ་འགོད།