བཀུར་འོས་དྲ་གྲོགས་ཤིག་དང་ལྷན་དུ་བགྲོ་གླེང་བྱས་པ། ཁག་གཉིས་པ།
༧གོང་ས་མཆོག་གི་བཀའ་སློབ་དུམ་བུ་ཞིག་དྲངས་འདུག་པ་དེ་རེད།“གྲྭ་བ་ཚོས་དེང་རབས་ཀྱི་སློབ་སྦྱོང་ངེས་པར་དུ་བྱེད་དགོས། དེ་ལྟར་མ་བྱས་པར་ནང་ཆོས་ཁོ་ན་སྦྱངས་ཏེ་གྲྭ་བ་མཐར་ཕྱིན་ན་ཡག་པོ་རེད་དེ། གྲྭ་བ་ལོག་ཚེ་གང་ཡང་བལྟ་ས་མེད་པ་དེ་འདྲ་ཆགས་ན་གྲྭ་བ་བྱེད་མཁན་ཉུང་དུ་འགྲོ་གི་རེད། ༧གོང་ས་མཆོག་གིས།”ཞེས་པ་དེའི་ནང་གི་ཚིག་གྲུབ་རྗེས་མ་དེ་གནད་ཀྱི་དོན་པོར་བརྩིས་འདུག་པས། ༧གོང་ས་མཆོག་གིས་བཀའ་སློབ་རབས་དང་རིམ་པ་ཕེབས་ཡོད་པའི་ནང་ནས་ཁྱེད་ཀྱི་སྣང་བར་འགྲོ་ཤོས་དེ་ཆགས་འདུག དེ་ལ་ཁོང་དགོད་ཙམ་ཤོར་བ་ལས་དམིགས་བསལ་ཞུ་ཕོད་པ་ཞིག་གང་ཡང་མེད།
ད་དུང་ཁྱེད་ཀྱིས་“ད་ལྟའི་བོད་ཀྱི་གྲྭ་པ་ཞིག་ལ་མཚོན་ན་ཚེ་འདི་ལས་ཕྱི་མ་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་རབ་ཏུ་བྱུང་ཡོད་པའི་ངེས་པ་གཏན་ནས་མེད་ལ། གལ་སྲིད་དེ་ལྟར་ཡོད་པའི་དབང་དུ་བཏང་ཡང་དམིགས་ཡུལ་དེའི་ཆེད་དུ་ལག་ལེན་ལ་གཞོལ་མཁན་ནི་ཧ་ཅང་ཉུང་།”ཞེས་ཁ་ཚོད་གཅོད་སྟངས་ལ་གཞིགས་ན། ཅུང་ཙམ་ཧང་སངས་སོང་། རྒྱུ་མཚན་ནི་བོད་ཀྱི་གྲྭ་པ་ཚེ་ཕྱི་མ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད་རབ་ཏུ་བྱུང་ཡོད་པའི་ངེས་པ་མེད་ཅེས་གསུངས་པར་རྒྱུ་མཚན་དང་དཔང་རྟགས་ག་རེ་ཡོད། གལ་སྲིད་ཁྱེད་ཀྱིས་གསུངས་པ་བཞིན་པ་ཡིན་ན་དེ་དག་རབ་བྱུང་པ་ཡིན་ནམ་མིན། ཡིན་གསུང་གི་ཡོད་ན་ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་སྟོན་པ་སངས་རྒྱས་ཀྱི་ཞལ་ནས་གསལ་པོ་གསུངས་ཡོད་པས། དེ་ལྟ་བུའི་གྲྭ་པ་དེ་དག་རབ་བྱུང་པ་ཡིན་ཞེས་བཤད་དཀའ་བ་ཞིག་ཏུ་གྱུར་མི་འདུག་གམ།
ད་དུང་ཁྱེད་ཀྱིས་དམིགས་ཡུལ་དེ་འདྲ་ཡོད་མཁན་ཡོད་སྲིད་ཀྱང་ལག་ལེན་དུ་བསྟར་མཁན་ཤིན་ཏུ་དཀོན་ཞེས་གསུངས་འདུག་པ་ནི་དེ་བས་ཀྱང་ཧང་སང་དགོས་པ་ཞིག་རེད། དགེ་འདུན་པའི་སྡེ་རྒྱ་མཚོ་ལྟ་བུའི་ནང་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་མཁན་མེད་ན། དོན་གྱིས་སྐུར་འདེབས་ཆེན་པོ་ཞིག་ཏུ་གྱུར་མེད་དམ། གདན་ས་གྲྭ་ཚང་ཁག་ཏུ་ལྟོ་སྐྱ་གོས་ཧྲལ་གྱི་ངང་ནས་མི་ཚོ་ལ་སྤོང་ཀློག་ལ་སྦྱོར་མཁན་ཇི་སྙེད་ཅིག་མི་འདུག་གམ། དེ་དག་ཀྱང་ཐར་པ་དོན་དུ་གཉེར་མཁན་མ་རེད་ཅེས་བཤད་ཕོད་པ་ནི་ཕོ་ཚོད་འབའ་ཞིག་ལས་རྒྱུ་མཚན་རྣལ་མ་ཞིག་ཡོད་པར་གཏན་ནས་མཐོང་མི་ཐུབ། གལ་སྲིད་ཡོད་ན་འདི་དང་འདི་ཞེས་མཛུབ་མོ་བཙུགས་ནས་གསུངས་དང་།
དེའི་རྒྱུ་མཚན་ནི་མི་ལོ་༣༠ མ་ཟིན་གྱི་རིང་བརྩོན་པ་ལྷོད་མེད་བྱས་ནས་གཞུང་ཆེན་བཀའ་པོད་ལྔ་མཐའ་དཔྱོད་དང་བཅས་པར་སྦྱང་བརྩོན་གནང་མཁན་དེ་དག་གིས་ཚེ་ཕྱི་མ་དོན་དུ་གཉེར་བ་ལས་ཚེ་འདི་དོན་དུ་གཉེར་བ་རེད་ཅེས་བཤད་ན། དངོས་གནས་སུས་ཡིད་ཆེས་ཀྱི་རེད། འདོད་ཡོན་འབའ་ཞིག་ལ་ཆགས་ཤིང་ཞེན་པའི་མི་སྐྱ་ཕལ་བ་ང་ལྟ་བུ་ལ་མཚོན་ན། ཐར་པ་དང་ཐམས་ཅན་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་བརྩོན་པ་མེད་པས་སྐྱ་བབས་བྱས་པ་ཡིན། ཁྱེད་ཀྱིས་གསུང་སྟངས་ལྟར་ན་ང་ལྟ་བུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བརྩོན་པ་དང་སེམས་རྒྱ་མེད་མཁན་དག་ཀྱང་གྲྭ་པ་རང་བྱས་ནས་སྡོད་ཆོག་པའམ། སྡོད་བཞིན་པ་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་འདུག ངའི་བསམ་ངོར་ང་དང་ལྟ་བུ་དག་གྲྭ་པ་བྱས་པ་ལས་སྐྱ་སར་བབས་ན་ཡག་པ་དང་། ཚེ་ཕྱི་མ་དོན་དུ་གཉེར་མི་ཐུབ་མཁན་ཚོ་ཨུ་ཚུགས་ཀྱིས་གྲྭ་ཆས་གྱོན་ན་སངས་རྒྱས་བསྟན་པའི་ཞབས་འདྲེན་ལས་ཞབས་འདེགས་ཤིག་གཏན་ནས་མིན། དེར་བརྟེན་ང་ལྟ་བུ་ཆགས་སོགས་ཉོན་མོང་པའི་དབང་དུ་སོང་བ་དགེ་འདུན་པའི་སྡེ་ཡི་ནང་དུ་ཡོད་པར་ངོས་འཛིན་གཏན་ནས་ཞུ་ཡི་མེད།
ངས་གྲྭ་པ་ལ་དེང་དུས་ཀྱི་ཤེས་ཡོན་མི་དགོས་ཞེས་ནམ་ཡང་བཤད་མྱོང་མེད་ལ། ཁྱེད་ཀྱི་ཟིན་བྲིས་སྔོན་མ་དེའི་ནང་ངེད་གཉིས་ལྟ་ཚུལ་མི་མཐུན་ས་ངོ་མ་ནི། ཁྱེད་ཀྱིས་“བསམ་བློ་དང་། ཀུན་སྤྱོད་འགྲོ་སྟངས་གང་གི་ཆ་ནས་ཀྱང་དེང་རབས་སྤྱི་ཚོགས་ཀྱི་རྗེས་སུ་མ་ལུས་པ་བྱ་རྒྱུ་དེ་རེད།” དེང་རབས་སམ་དེང་དུས་ཀྱི་མིའི་བསམ་བློ་དེ་གཙོ་ཆེ་བ་ཕྱིའི་དངོས་ཡར་རྒྱས་སུ་འགྲོ་རྒྱུ་དེ་རེད་ཅེས་བཤད་ཆོག་པ་ཞིག་རེད། ཀུན་སྤྱོད་ཀྱི་ཐོག་ནས་ཀྱང་ནང་པའི་ཆོས་ཀྱི་ཐོག་ནས་ཆེས་སྡུག་ཤོས་སུ་བརྩི་བའི་འདོད་ཆགས་ཞེ་སྡང་གཏི་མུག་གཙོ་བོར་གྱུར་པའི་ཉོན་མོངས་པའི་གཞན་དབང་དུ་གཏོང་གང་ཐུབ་བྱེད་བཞིན་པ་དེ་ཡོངས་གྲགས་ཡིན་པ། ཁྱེད་ཀྱིས་ཀྱང་ཁས་ལེན་གནང་མདོག་ཁ་པོ་རེད། དེ་འདྲ་ཡིན་དུས་ཆོས་པ་ཞིག་ལ་མཚོན་ན་དེ་འདྲ་བྱེད་དགོས་པ་ཞིག་ཡིན་མིན་བཤད་དཀའ་བ་ཞིག་རེད། ཅེས་བཤད་ཡོད་པ་ངས་བསྐྱར་དུ་འདིར་དྲངས་ཡོད།
ངའི་ངོས་འཛིན་བྱེད་སྟངས་དགེ་འདུན་པ་ཞིག་ལ་མཚོན་ན་བསམ་བློའམ། ལྟ་བ་ནམ་མཁའ་ལས་ཀྱང་མཐོ།། སྤྱོད་པ་བག་ཕྱེ་བས་ཀྱང་ཞིབ།། ཅེས་གསུངས་པ་བཞིན་དགོས་པ་ལས། དགེ་འདུན་པའི་བསམ་སྤྱོད་གཉིས་ཀ་དེང་དུས་ཀྱི་མི་སྐྱ་ཕལ་བ་དག་དག་དང་གཅིག་མཚུངས་བཟོ་དགོས་པར་འདོད་པ་གཏན་ནས་མེད་ཅེས་ཞུས་པ་ཡིན་ལ། ད་ལན་ཁྱེད་གྱིས་གསུངས་པའི་གནས་ལུགས་རྒྱུ་མཚན་དེ་དག་གིས་གས་འཐོར་གཏན་ནས་གཏོང་ཐུབ་མི་འདུག།
རྗེས་སུ་མཇལ་ཡོང་།
ལན། སེར་ཤུལ་རིན་ཆེན་དོན་གྲུབ།
དྲ་གྲོགས་ལགས། ཁྱེད་ཀྱི་བསམ་ཚུལ་ཐེངས་གཅིག་བཀླགས་པ་ཡིན། ངས་༧གོང་ས་མཆོག་གི་བཀའ་སློབ་རྒྱབ་རྟེན་དུ་དྲངས་པའམ་ཁྱེད་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་མཇལ་སྐབས་ཁོང་དགོད་ཤོར་བ་དེར་ང་ཧང་སང་སོང་། ཆབ་སྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་ཀྱི་ཐོག་ཙམ་མ་ཡིན་པར་ཆོས་དང་འཇིག་རྟེན་གྱི་གང་གི་ཆ་ནས་ཀྱང་༧གོང་ས་མཆོག་གི་བཀའ་སློབ་རྒྱབ་རྟེན་དུ་དྲངས་པ་དེར་ཁྱེད་རང་ཧང་སང་གི་ཡོད་པ་འདྲ། འོན་ཀྱང་ངས་ནི་རང་ཉིད་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་རྩ་བའི་བླ་མ་དང་རྣམ་དཔྱོད་དང་ཤེས་བྱའི་གཏེར་མཛོད་ཆེན་པོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས་རྩ་ཆེན་གང་ཡང་མཐོང་གི་མེད། དེའི་རྒྱུ་མཚན་ཡང་ཁོང་བདག་གི་བླ་མ་ཡིན་པའི་རྒྱུ་མཚན་ཙམ་མིན་པར་ཁོང་གིས་གང་ལམ་སྟོན་གནང་བ་དང་། གང་གསུང་བའི་བཀའ་སློབ་དེ་ཚོ་ཡང་དག་པ་དང་རྒྱུ་མཚན་ལྡན་པ་ཤ་སྟག་མཐོང་བས་ཡིན།
བོད་ཀྱི་གྲྭ་བ་ཡིན་ན་ཚེ་ཕྱི་མ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད་རབ་ཏུ་བྱུང་ཡོད་པའི་ངེས་པ་མེད་པའི་རྒྱུ་མཚན་དང་དཔང་རྟགས་ནི་ཁྱེད་རང་གྲྭ་ཟུར་ཞིག་ཡིན་པའི་ཆ་ནས་ཁྱེད་རང་ཐོག་མར་གྲྭ་བ་བྱེད་སྐབས་ཀྱི་བསམ་བློར་ཕྱིར་དྲན་བྱོས་དང་ལས་སླ་བོར་རྟོག་ཐུབ། རྒྱུ་མཚན་གཞན་ཞིག་ནི་གྲྭ་བ་གང་མང་ཞིག་ཆུང་ཆུང་སྐབས་ནས་ཕ་མས་གྲྭ་བ་བྱེད་དུ་བཅུག་གི་ཡོད་པ་ལས་རང་ཚུགས་ཀྱི་བསམ་བློ་གང་ཡང་མེད་པར་ཆོས་སྒོར་ཞུགས་ཀྱི་ཡོད་པ་ཁྱེད་ཀྱིས་ཤེས་ཚོད་ཡིན། དེ་དག་ཐོག་མར་གྲྭ་བ་བྱེད་སྐབས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཕར་ཞོག་སྐྱབས་འགྲོ་སེམས་བསྐྱེད་ཚད་ལྡན་ཞིག་ཡོད་མེད་ཀྱང་བཤད་དཀའ། འོན་ཀྱང་དེ་དག་གྲྭ་བ་མ་ཡིན་པའི་དོགས་པ་ཟ་དགོས་དོན་མེད་དེ་ཀུན་དགའ་བོའི་ཚ་བོ་གཉིས་ཚེ་འདིའི་ཆེད་དུ་རབ་ཏུ་བྱུང་བའི་ལོ་རྒྱུས་དམ་ཆོས་འདུལ་བའི་གླེགས་བམ་ན་གསལ་བོར་ཡོད་པས་སོ།། དེ་ལྟར་ཡང་ངས་གྲྭ་བ་ཡོད་ཚད་འཇིག་རྟེན་ཁོ་ན་དོན་དུ་གཉེར་མཁན་རེད་ཅེས་དུས་ནམ་ཡང་བཤད་ཀྱི་མེད་པ་ཤེས་གལ། (དགེ་འདུན་པའི་སྡེ་རྒྱ་མཚོ་ལྟ་བུའི་ནང་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་མཁན་མེད་) འདི་ནི་ཁྱེད་ཀྱི་རྟོག་བཟོ་ཙམ་ལས་ངས་བཤད་པ་ཞིག་གཏན་ནས་མིན་ལ་ངས་དགེ་འདུན་འདུས་པའི་སྡེ་ཡི་ནང་དུ་ཐར་བ་དོན་དུ་གཉེར་མཁན་མེད་ཅེས་ནམ་ཡང་བཤད་མྱོང་མེད་ལ་བཤད་ཀྱང་མི་སྲིད། དེ་ནི་གལ་སྲིད་དེ་ལྟར་ཡོད་པའི་དབང་དུ་བཏང་ཡང་དམིགས་ཡུལ་དེའི་ཆེད་དུ་ལག་ལེན་ལ་གཞོལ་མཁན་ནི་(ཧ་ཅང་ཉུང་)ཞེས་དང་། ད་ལྟའི་བོད་ཀྱི་གྲྭ་པ་ཞིག་ལ་མཚོན་ན་ཚེ་འདི་ལས་ཕྱི་མ་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་རབ་ཏུ་བྱུང་ཡོད་པའི་(ངེས་པ་གཏན་ནས་མེད་)། ཅེས་པའི་ཚིག་འདི་གཉིས་ཀྱིས་གསལ་བོར་བསྟན་ཡོད།
རྒྱུ་མཚན་དང་གནས་ལུགས་ཀྱིས་ལན་མ་ཐེབས་ཚེ་སྐྱག་རྫུན་དང་རྟོག་བཟོའི་གཡུལ་བཤམས་པ་ནི་དགོད་བྲོ་བ་ཞིག་ཀྱང་ཅི་ལ་མིན། མི་ལོ་སུམ་ཅུ་མ་ཟིན་ཙམ་གྱི་རིང་བརྩོན་པ་ལྷོད་མེད་བྱས་ནས་གཞུང་ཆེན་བཀའ་པོད་ལྔ་མཐའ་དཔྱོད་དང་བཅས་པར་སྦྱང་བརྩོན་གནང་མཁན་ཞིག་ཡིན་ན་ཡང་ནང་སེམས་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་ཁོ་ན་དོན་དུ་གཉེར་མཁན་ཞིག་ཡིན་ག་ལ་དགོས་ཏེ་སློབ་སྦྱོང་མཐར་ཕྱིན་མཚམས་གྲྭ་ཆས་ཕུད་ནས་གཉེན་སྒྲིག་གི་ཆོ་ག་གཉེར་མཁན་ག་ཚོད་ཡོད་མཐོང་ཆོས་མ་ཡིན་ནམ། ཕྱི་མ་དོན་དུ་གཉེར་བ་ནི་སློབ་སྦྱོང་བྱས་མ་བྱས་ཀྱིས་ཁ་ཚོན་ཆོད་པ་ཞིག་ག་ལ་ཡིན་ཏེ་ཐོས་དོན་བསྒྲུབ་ལ་མི་གཞོལ་བའི་ང་ལྟ་བུའི་དུག་གསུམ་ལངས་ལ་ཤོར་བའི་སྐྱེ་བོ་གང་མང་མང་ཡོད་པས་སོ།། ངས་བརྗོད་འདོད་པ་ནི་གྲྭ་བ་ཞིག་ཡིན་ཕྱིན་ཚེ་འདི་དང་ཕྱི་མ་གང་རུང་ཞིག་དོན་ལྡན་དུ་སྐྱེལ་དགོས་པ་དང་། ཚེ་ཕྱི་མ་ཁོ་ན་དོན་དུ་གཉེར་མཁན་གྱི་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དེ་ཚོར་དེང་དུས་ཀྱི་སློབ་སྦྱོང་དང་། བསམ་བློ། ཀུན་སྤྱོད་སོགས་མི་དགོས་པར་ཐར་བའི་གོ་འཕང་བསྒྲུབ་པར་བརྩོན་པར་རྗེས་སུ་ཡི་རང་དང་དད་གུས་བླ་མེད་ཀྱི་ཡུལ་ཁོ་ན་ཡིན་མོད། དེ་མིན་གྱི་ཚེ་འདི་བློས་གཏོང་མི་ཐུབ་མཁན་གྱི་གྲྭ་བ་ཚོར་ནང་རིག་པའི་སློབ་སྦྱོང་དང་མཉམ་དུ་སྤྱི་ཚོགས་ཀྱི་སློབ་སྦྱོང་ངེས་པར་དུ་དགོས་ཞེས་ཟེར་གྱི་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་གྲྭ་བའི་སྤྱི་ཚོགས་ལ་དེང་རབས་ཀྱི་སྤྱི་ཚོགས་ནང་དུ་ཆེ་མཐོང་དང་རིན་ཐང་དགོས་པས་ཡིན། (དགེ་འདུན་པའི་བསམ་སྤྱོད་གཉིས་ཀ་དེང་དུས་ཀྱི་མི་སྐྱ་ཕལ་བ་དག་དང་གཅིག་མཚུངས་བཟོ་དགོས་པར་འདོད་པ་གཏན་ནས་མེད་)པའི་་ཨུ་ཚུགས་དེ་ནི་ཁྱེད་ཀྱིས་དགེ་འདུན་པའི་བསམ་སྤྱོད་གཉིས་ཀ་དེང་དུས་ཀྱི་བསམ་སྤྱོད་དུ་ཁ་ཕྱོགས་ན་དེང་དུས་ཀྱི་སྐྱེ་བོ་ཕལ་བ་དག་གིས་གང་བྱེད་པ་དེ་བཞིན་བྱ་དགོས་པའི་ངེས་པ་གཏན་ནས་མེད་པའི་གནས་ལུགས་འདི་མ་རྟོགས་པར་དེང་དུས་ཀྱི་བསམ་སྤྱོད་ཅེས་པ་སྡུག་ཕྱོགས་ཁོ་ན་ལ་གོ་བ་བླངས་དྲགས་པས་རེད། མཚམས་ལན་རེར་ཁྱེད་རང་ཅི་མཛད་ལེགས་པར་མཐོང་བའི་མོ་གུས་ཀྱིས་ཕྱུག་ཡོད་པ་འདྲ་ཞིག་འདུག་པས་ཡི་རང་རེ་ཡང་ཁྱེད་ཕྱོགས་སུ་ཕུལ་ཡོད། བཀྲ་ཤིས་བདེ་ལེགས།
ལན། གསེར་རྟ་ཚུལ་ཁྲིམས།
དྲ་གྲོགས་ལགས་བསྐྱར་དུ་མཇལ་བར་དགའ་པོ་བྱུང་བས་འཚམས་འདྲི་ཞུ་བཞིན་ཡོད། དགོངས་དག་སླར་ཡང་ཁོང་དགོད་ཅིག་ཤོར་སོང་། ངས་༧གོང་ས་མཆོག་གིས་བཀའ་སློབ་ཀྱི་དུམ་དེ་ལ་ཁོང་དགོད་ཤོར་སོང་ཞེས་དངོས་ཤུགས་གང་དུའང་ཞུས་མེད་ལ། ཚིག་ངོ་མ་དེ་“༧གོང་ས་མཆོག་གིས་བཀའ་སློབ་རབས་དང་རིམ་པ་ཕེབས་ཡོད་པའི་ནང་ནས་ཁྱེད་ཀྱི་སྣང་བར་འགྲོ་ཤོས་དེ་ཆགས་འདུག དེ་ལ་ཁོང་དགོད་ཙམ་ཤོར་བ་ལས་དམིགས་བསལ་ཞུ་ཕོད་པ་ཞིག་གང་ཡང་མེད། ”ཅེས་ཞུས་ཡོད།
ཁྱེད་ཀྱིས་དེ་ལ་སྤྱི་ལེ་སྟོང་ཕྲག་ལས་བརྒལ་བའི་ཁ་བསྒྱུར་གནང་བ་མ་ཟད། ཁོང་དགོད་ཤོར་བ་དེ་ཡང་༧གོང་ས་མཆོག་གི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལ་སློབ་གཉེར་བྱེད་སྟངས་སོགས་ཀྱི་སྐོར་ཟབ་པ་དང་རྒྱ་ཆེ་བའི་བཀའ་སློབ་རྒྱ་མཚོ་ལྟ་བུ་བསྩལ་བ་དེའི་ནང་ནས། ། “གྲྭ་པ་ཚོས་དེང་རབས་ཀྱི་སློབ་སྦྱོང་ངེས་པར་དུ་བྱེད་དགོས། དེ་ལྟར་མ་བྱས་པར་ནང་ཆོས་ཁོ་ན་སྦྱངས་ཏེ་གྲྭ་བ་མཐར་ཕྱིན་ན་ཡག་པོ་རེད་དེ། གྲྭ་བ་ལོག་ཚེ་གང་ཡང་བལྟ་ས་མེད་པ་དེ་འདྲ་ཆགས་ན་གྲྭ་བ་བྱེད་མཁན་ཉུང་དུ་འགྲོ་གི་རེད།”ཅེས་གསུངས་པ་དེ་ཁོ་ན་གལ་ཆེ་ཤོས་སུ་གཟིགས་པ་དེར་ཁོང་དགོད་ཤོར་བ་རེད། སྐབས་དེར་ངས་ཁོང་དགོད་ཙམ་ཤོར་བ་ལས་དམིགས་བསལ་ཞུ་ཕོད་པ་ཞིག་གང་ཡང་མེད་ཅེས་ལབ་དགོས་དོན། ང་གྲྭ་ལོག་ཅིག་པའི་ཉམས་མྱོང་ལ་བརྟེན་ནས་ཁྱེད་ཀྱི་དགོངས་གཞི་ཚོད་དཔག་ཞུ་མི་ཐུབ་པ་མེད་ཀྱང་། དེའི་སྐོར་འགྲེལ་བརྗོད་ཞུ་རྒྱུའི་སྤོབས་པ་མ་བྱུང་བ་རེད།
ངས་སྔ་ཕྱི་ཀུན་ཏུ་དགེ་འདུན་པས་དེང་དུས་ཀྱི་ཤེས་ཡོན་སྦྱང་དགོས་པ་མ་རེད་ཅེས་གཏན་ནས་བརྗོད་མེད་ཀྱང་། དོན་དངོས་ཐོག་༧གོང་ས་མཆོག་གིས་བཀའ་སློབ་ཁྱེད་ཀྱིས་དྲངས་པ་དེའི་བསྟན་དོན་དངོས་སུའང་། ནང་ཆོས་ཁོ་ན་སྦྱངས་ཏེ་གྲྭ་པ་མཐར་ཕྱིན་ན་ཡག་པོ་རེད་དེ། གྲྭ་བ་ལོག་ཚེ་གང་ཡང་བལྟ་ས་མེད་པ་དེ་འདྲ་ཆགས་ན་གྲྭ་བ་བྱེད་མཁན་ཉུང་དུ་འགྲོ་གི་རེད། ཅེས་གསུངས་པ་དེ་ལ་གཟིགས་དང་། ནང་ཆོས་ཁོ་ན་སྦྱངས་ནས་མཐར་ཕྱིན་ན་ཡག་པོ་ཡིན་པ་གསལ་པོ་གསུངས་འདུག་པ་དང་། ཚིག་རྗེས་མ་དེ་གསུང་དགོས་དོན་གྲྭ་པ་ལོག་མཁན་རྣམས་ལ་ཆེད་དུ་དམིགས་ནས་གསུངས་པ་ཞིག་དང་། དེ་ལ་བརྟེན་ནས་གྲྭ་པ་བྱེད་མཁན་ཉུང་དུ་འགྲོ་སྲིད་པ་སོགས་རྒྱུ་མཚན་དམིགས་བསལ་བ་ཞིག་གི་ཆེད་དུ་གསུངས་པ་རེད།
སྔར་ནས་ཞུས་པ་བཞིན། སྐབས་འདིར་༧གོང་ས་མཆོག་གིས་གསུངས་པ་དེ་ཡང་ཁྱེད་ཀྱི་སྒྲུབ་བྱེད་དུ་མི་འགྲོ་བར། ནང་ཆོས་ཁོ་ན་སྦྱངས་ནས་གྲྭ་པ་མཐར་ཕྱིན་ན་དེང་དུས་ཀྱི་ཤེས་ཡོན་མེད་ཀྱང་འགྲིག་པ་ཙམ་དུ་མ་ཟད་ཡག་པོ་ཡིན་པ་གསལ་པོ་གསུངས་འདུག དེར་བརྟེན་ཁྱེད་ཀྱིས་དགོས་པ་དངོས་གནས་དེ་འགྲུབ་པའི་སྒྲུབ་བྱེད་དུ་གྱུར་འདུག་དང་མི་འདུག ཧ་ཅང་གསལ་པོར་གྱུར་མི་འདུག་གམ།
བགྲོ་གླེང་བྱེད་དགོས་པའི་བརྗོད་གཞི་ངོ་མ་དེ་ཟུར་དུ་བཞག་ནས། དེ་དང་ཐད་ཀར་འབྲེལ་བ་མེད་པའི་གནད་དོན་ཁག་ཅིག་ལ་གཡས་ཁག་གཡོན་དཀྲི་གནང་བཞིན་པ་འདི་བགྲོ་གླེང་བྱེད་སྟངས་ཚད་ལྡན་ཞིག་གཏན་ནས་མ་རེད། ངས་ཁྱེད་ཀྱི་ཟིན་བྲིས་ལ་བགྲོ་གླེང་ཞུ་དགོས་དོན་གཙོ་བོ་དེ། ཁྱེད་ཀྱིས་“བསམ་བློ་དང་། ཀུན་སྤྱོད་འགྲོ་སྟངས་གང་གི་ཆ་ནས་ཀྱང་དེང་རབས་སྤྱི་ཚོགས་ཀྱི་རྗེས་སུ་མ་ལུས་པ་བྱ་རྒྱུ་དེ་རེད།”ཅེས་ཐོག་མའི་ཟིན་བྲིས་ནང་རྩལ་དུ་བཏོན་ནས་གསུངས་པ་དེ་ལ། གནས་ལུགས་དང་རྒྱུ་མཚན་མེད་པར་མཐོང་ནས་དེ་དང་འབྲེལ་བའི་ཐོག་ནས་བསམ་ཚུལ་ཁག་ཅིག་ཞུས་ཡོད།
དཔེར་ན་“དེང་རབས་སམ་དེང་དུས་ཀྱི་མིའི་བསམ་བློ་དེ་གཙོ་ཆེ་བ་ཕྱིའི་དངོས་ཡར་རྒྱས་སུ་འགྲོ་རྒྱུ་དེ་རེད་ཅེས་བཤད་ཆོག་པ་ཞིག་རེད། ཀུན་སྤྱོད་ཀྱི་ཐོག་ནས་ཀྱང་ནང་པའི་ཆོས་ཀྱི་ཐོག་ནས་ཆེས་སྡུག་ཤོས་སུ་བརྩི་བའི་འདོད་ཆགས་ཞེ་སྡང་གཏི་མུག་གཙོ་བོར་གྱུར་པའི་ཉོན་མོངས་པའི་གཞན་དབང་དུ་གཏོང་གང་ཐུབ་བྱེད་བཞིན་པ་དེ་ཡོངས་གྲགས་ཡིན་པ། ཁྱེད་ཀྱིས་ཀྱང་ཁས་ལེན་གནང་མདོག་ཁ་པོ་རེད། དེ་འདྲ་ཡིན་དུས་ཆོས་པ་ཞིག་ལ་མཚོན་ན་དེ་འདྲ་བྱེད་དགོས་པ་ཞིག་ཡིན་མིན་བཤད་དཀའ་བ་ཞིག་རེད།”ཅེས་པ་འདི་རེད། ཐོག་མའི་བསམ་ཚུལ་འདི་ངས་སོར་གང་གློད་རྩིས་མེད་ལ། ཁྱེད་ཀྱིས་ཀྱང་དེ་དང་འབྲེལ་བའི་བགྲོ་གླེང་གནང་ན་དགའ་བསུ་ཡོད།
ཁྱེད་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་དགེ་འདུན་པ་སྡེ་ཡི་ནང་ཚད་དང་ལྡན་པ་ཧ་ཅང་དཀོན་ཚུལ་སོགས་མང་པོ་ཞིག་སྔ་རྗེས་ཀུན་ཏུ་ཡང་ནས་ཡང་དུ་གསུངས་འདུག་པ་དེའི་སྐོར་དམིགས་བསལ་ཞུ་རྒྱུ་མེད། ཁྱེད་དགེ་འདུན་གྱི་འདུ་ཚོགས་ཆེ་ཤོས་ཡིན་པའི་ཆོས་སྡེ་ཞིག་ཏུ་བཞུགས་ཡོད་སྟབས། ང་ལས་ཁྱེད་རྒྱུས་ཆེ་བ་སྨོས་མེད་ཡིན་སྟབས། ཁྱེད་ཀྱིས་གསུངས་པ་དེ་ཉམས་མྱོང་དང་དངོས་ཡོད་གནས་ཚུལ་ཡིན་སྲིད་པ་རེད། དེ་ལ་ངས་མ་ཤེས་ཤེས་མདོག་གིས་ཁྱེད་ཀྱིས་གསུངས་པ་དེ་མ་རེད་ཅེས་ཨུ་ཚུགས་ཀྱིས་ཞུ་རྒྱུའི་སྤོབས་པ་མེད།
འོན་ཀྱང་ང་གྲྭ་པ་ལོག་ཀྱང་དད་པ་ལོག་མེད་པས། རྗེ་རིན་པོ་ཆེས་དགེ་འདུན་ལ་སྐྱབས་སུ་སོང་ནས་ལྷན་པ་དམར་སེར་དང་ལྡན་ཙམ་ཡན་ཆད་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཟུང་ནས་མི་གུས་པ་སྤངས། གུས་པ་བསྒྲུབ་དགོས་ཞེས་གསུངས་པ་བཞིན། ཇི་ཐུབ་གང་ནུས་ཀྱིས་ལག་ལེན་བྱེད་ཨེ་ཐུབ་བལྟ་མཁན་ཞིག་ཡིན་པ་ལས། ཁྱེད་ཀྱིས་དགེ་འདུན་པའི་ནང་དུ་ཚད་ལྡན་དང་། ཚེ་ཕྱི་མ་དང་ཐར་པ་དོན་དུ་གཉེར་མཁན་ཡོད་པ་མ་རེད་ཅེས་ག་ཚོད་གསུངས་ཀྱང་ངའི་བློ་ཁ་འགྱུར་མི་སྲིད་པ་རེད།
ད་དུང་ཁྱེད་ཀྱིས་རྩལ་དུ་བཏོན་ནས་ང་༧གོང་ས་མཆོག་ལ་སྐུར་འདེབས་ཞུ་མཁན་དང་། དད་པ་མེད་མཁན་ཡིན་ཚུལ་ལྟ་བུ་གསུངས་པ་འདི་ལའང་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འདི་ལྟ་བུ་བརྗོད་ནས་ཁེ་བཟང་རག་པའི་རེ་བ་རྒྱག་མཁན་ཇི་སྙེད་ཅིག་ཡོད་པ་བཞིན། ཁྱེད་ཀྱང་དེ་ལྟ་བུ་ཞིག་མིན་པའི་རེ་བ་ཞུ་བཞིན་ཡོད། གལ་སྲིད་ང་དེ་ལྟར་ཡིན་པ་བསྒྲུབས་ནས་ཁྱེད་ལ་ཁེ་ཕན་ཅུང་ཙམ་རེ་རག་གི་འདུག་ན། དེ་ལ་མི་འདོད་པ་གང་ཡང་མེད་པས། ཇི་བདེར་གནང་རོགས་ཞུ་བཞིན་ཡོད། ངའི་དད་པ་དམ་ཚིག་ག་འདྲ་སྲུང་གི་ཡོད་མེད་ང་རང་ཉིད་ཀྱིས་ཤེས་པ་ལས་གཞན་སུ་ཞིག་གིས་ཡག་སྡུག་ཕྱོགས་གང་དུ་འགྲེལ་བརྗོད་བྱས་ཀྱང་ཁྱད་པར་གཏན་ནས་མེད།
སླར་ཡང་མཇལ་ཆོག་པ་ཞུ་རྒྱུ་དང་། བགྲོ་གླེང་མང་ཙམ་བྱས་ན། གནས་ལུགས་གསལ་རྗེན་དུ་ཐོན་པར་ཕན་ནུས་ཆེན་པོ་ཡོད་པས། མུ་མཐུད་དུ་ཕེབས་རོགས་ཞུ་བཞིན་ཡོད། རྗེས་སོར་བགྲོ་གླེང་བྱེད་པའི་སྐབས་བརྗོད་གཞི་དངོས་ཟུར་དུ་བཞག་ནས་གཡས་ཁག་གཡོན་དཀྲི་མེད་པར་ཐད་ཀར་བརྗོད་གཞིའི་ཐོག་ཕེབས་ཐུབ་པའི་རེ་བའང་ཞུ་བཞིན་ཡོད།།
ལན། སེར་ཤུལ་རིན་ཆེན་དོན་གྲུབ།
བཀུར་འོས་དྲ་གྲོགས་ལགས། ཡང་བསྐྱར་ཕེབས་པར་འཚམས་འདྲི་ཞུ།
བཀུར་འོས་དྲ་གྲོགས་ཀྱིས་སྔ་བར་ཕྱི་གསུམ་དུ་གསུང་བའི་རྒྱུ་མཚན་དང་གནས་ལུགས་དེ་ཚོར་ཡང་བསྐྱར་དཔྱད་ཞིབ་ཅིག་བྱས་པ་ཡིན། ངེད་གཉིས་ཕན་ཚུན་བཤད་པའི་བསམ་ཚུལ་དང་རྒྱུ་མཚན་དག་གོ་ནོར་ཐེབས་པ་ཁ་ཤས་ཤིག་འདུག དེ་དག་གསལ་བཤད་བྱ་རྒྱུར།
གཅིག ངས་དགེ་འདུན་པའི་སྡེ་ཡི་ནང་དུ་ཚེ་ཕྱི་མ་དང་ཐར་བའི་གོ་འཕང་ཁོ་ན་དོན་དུ་གཉེར་མཁན་གྱི་བརྒྱ་ཆ་ཉུང་ཉུང་རེད་ཅེས་བཤད་པ་ལས་དེ་ལྟར་བྱེད་མཁན་མེད་ཅེས་གང་དུ་ཡང་བཤད་མེད། དེ་ཡང་ཚད་མཐོ་བོའི་ངོས་འཛིན་གྱིས་བཤད་པ་ཡིན། གཉིས། གྲྭ་བར་དེང་དུས་ཀྱི་སློབ་སྦྱོང་དགོས་པ་དེ་གྲྭ་བ་ལོག་རྗེས་རང་ལ་ཕན་པ་ཁོ་ནས་ཆེད་དུ་ཡིན་པ་དང་དེ་སྒྲུབ་བྱེད་དུ་༧གོང་ས་མཆོག་གི་ལུང་དྲངས་པ་རྩ་ནས་མིན། དེ་དགོས་པའི་རྒྱུ་མཚན་གཙོ་བོའི་ནང་གི་གཙོ་བོ་ནི་སེར་མོ་བའི་སྡེ་ལ་སྤྱི་ཚོགས་ནང་དུ་ཆེ་མཐོང་དང་གོང་བཀུར་དགོས་པ་དང་དེ་ལྟར་ཡོང་བ་ལ་ནང་གི་ཉམས་ལེན་དང་ཀུན་སྤྱོད་ཡག་པོ་ཡོད་པ་གང་ཞིག་ལ་དེང་དུས་ཀྱི་སློབ་སྦྱོང་དགོས་པར་བཤད་པ་ཡིན། སྤྱི་ཚོགས་གང་དུ་སྐབས་དང་དུས་སུ་སྤྱི་ཚོགས་དེའི་གནས་བབ་ལ་བསྟུན་ནས་བསམ་བློའི་སྣེ་འཁྲིད་དགོས་པ་ལས་སྤྱི་ཚོགས་ཀྱི་བསམ་བློའི་ལྡོག་ཕྱོགས་རྐྱང་རྐྱང་ནས་ལངས་ཏེ་སྤྱི་ཚོགས་ཀྱི་སྣེ་ཁྲིད་མི་ཐུབ་པ་ནི་བསམ་བློ་ཡག་པོ་ཞིག་བཏང་ན་ཤེས་ཚོད་ཡིན། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་ཀྱང་གནད་འདི་གཟིགས་ནས་གདུལ་བྱའི་བློ་དང་འཚམ་པའི་ལམ་སྟོན་དང་ཆོས་འཁོར་སྐོར་བ་འདིས་ཁོང་གི་རྗེས་འཇུག་ང་ཚོར་ཅི་ཞིག་གི་བསླབ་བྱ་གནང་གི་ཡོད་ཤེས་དགོས། གལ་སྲིད་གྲྭ་བའི་སྤྱི་ཚོགས་ལ་དེང་རབས་ཀྱི་སློབ་སྦྱོང་མེད་པ་དང་མིའི་སྤྱི་ཚོགས་ཀྱི་ནང་དུ་ཆེ་མཐོང་མེད་པ་ཆགས་ན་གྲྭ་བ་བྱེད་མཁན་ཡོད་མི་སྲིད་ལ་བསྟན་པ་འཛིན་མཁན་ཡང་ཡོད་མི་སྲིད། སྐབས་དེ་དུས་ག་ཚོད་བཤད་ཀྱང་སྟོང་བ་ཡིན་ལ་སྡུག་གྱོང་ཡང་ཡིན། འདི་ལྟ་བུའི་སེམ་ཁྲལ་ཞིག་གིས་ངས་ཡང་ནས་ཡང་དུ་ཚེ་ཕྱི་མ་ཁོ་ན་དོན་དུ་གཉེར་མཁན་གྱི་དགེ་འདུན་པ་ཚོར་དེང་དུས་ཀྱི་སློབ་སྦྱོང་མི་དགོས་པར་དུས་དང་རྣམ་པ་ཀུན་དུ་བསྟན་པའི་མཛེས་རྒྱན་དང་དད་ཕྱག་གི་ཡུལ་དུ་བཞུགས་རོགས་ཞུ་རྒྱུ་དང་། དེ་ལྟར་མི་ཐུབ་པར་འདི་ཕྱི་གཉིས་ཀ་དོན་དུ་གཉེར་མཁན་གྱི་གྲྭ་བ་ཚོས་ངེས་པར་དུ་དེང་དུས་ཀྱི་སློབ་སྦྱོང་བྱས་ནས་དགོན་པ་གྲྭ་ཚང་དང་བོད་ཀྱི་དགེ་མཚན་རྒྱལ་སྤྱི་དང་སྤྱི་ཚོགས་ཐོག་མངོན་པར་བྱས་ནས་གྲྭ་བའི་སྤྱི་ཚོགས་ལ་ཆེ་མཐོང་ཡོང་བའི་ཕྱག་ལས་གནང་ན་བསྟན་པ་དང་། བོད་མི་རིགས། རང་ཉིད་སྒེར་བཅས་ལ་ཕན་ཐོགས་ཆེའི་གནས་ལུགས་བགྲང་བཞིན་ཡོད། གསུམ། གྲྭ་བར་དེང་དུས་ཀྱི་བསམ་བློ་དང་སློབ་སྦྱོང་དགོས་ཟེར་བ་དེ་གྲྭ་བ་ཚང་མ་སྐྱེ་བོ་ཕལ་བ་ཚོ་ནང་བཞིན་ཆང་འཐུང་། བུད་མེད་བསྟེན། ནག་ཚོང་བརྒྱབས། རང་ཉིད་ཀྱི་ཁེ་ཕན་ཁོ་ན་བསམ། ལས་རྒྱུ་འབྲས་མི་སྲུང་བ་སོགས་ཀྱི་བྱ་སྤྱོད་བརྟེན་དགོས་པའི་དོན་གཏན་ནས་མིན། དེ་ལྟར་བཤད་ཀྱི་མེད་པ་རྣམ་དཔྱོད་དང་ལྡན་བ་ཞིག་ཡིན་ན་ཤེས་དགོས་ངེས་རེད། ངས་བཤད་བསམ་པ་ཡོད་ཚད་མདོར་དྲིལ་ན། ཚེ་འདིའི་བདེ་སྣང་བློས་གཏོང་བྱེད་མི་ཐུབ་པའི་གྲྭ་བ་ཚོས་ནང་ཆོས་དང་གནའ་རབས་བོད་ཀྱི་སློབ་སྦྱོང་གང་འཚམས་ཡོད་པའི་ཐོག་ནས་དེང་དུས་ཀྱི་མིས་དགའ་མོས་དང་དད་པ་བྱ་ཡུལ་གྱི་མང་གཙོ་དང་། འདྲ་མཉམ། རང་དབང་། ཚན་རིག གོ་ལ་གཅིག་བསྒྱུར་གྱི་ལས་གཞི། ཁྲིམས་ལུགས་སོགས་ལ་སློབ་སྦྱོང་བྱས་ནས་དེང་རབས་སྤྱི་ཚོགས་ཁྲོད་རང་ཉིད་ཀྱི་ཡིད་འགུགས་ནུས་པས་བོད་དང་བོད་ཀྱི་ཁྱད་ནོར་རྒྱལ་སྤྱིའི་ཐོག་ཆེ་མཐོང་ཐོབ་པའི་བྱ་བ་བརྩམ་དགོས་ཟེར་བ་ཡིན། འདི་ནི་ལྟའི་བོད་ཀྱི་གནས་བབ་དང་། སངས་རྒྱས་ཀྱི་བསྟན་པ། བོད་མི་རིགས་ཀྱི་རྩ་དོན། རྒྱལ་སྤྱིའི་ཞི་བདེ་གང་ལའང་དགོས་ངེས་ཀྱི་ལེགས་མཛད་ཅིག་རེད་ཅེས་སྐད་གསང་མཐོན་པོས་བཤད་པར་སྤོབས། ངས་༧གོང་ས་མཆོག་གི་བཀའ་སློབ་དེ་རྩ་ཆེན་དུ་བརྩིས་ནས་ལུང་འདྲེན་བྱས་པར་ཁྱེད་རང་ཁོང་དགོད་ཤོར་དགོས་དོན་ཅི་ཡོད་དེ། དེ་ནི་ད་ལྟ་ངེད་གཉིས་ཀྱིས་བཤད་པའི་བརྗོད་བྱ་དེར་ཏག་ཏག་རན་པས་དེར་དྲངས་པ་ལས་ངས་བཀའ་སློབ་ཡོད་ཚད་ཀྱི་ནང་ནས་དེ་ཁོ་ན་གལ་ཆེ་ཤོས་སུ་མཐོང་བ་རྩ་ནས་མ་ཡིན་མོད་ངས་དེ་ཁོ་ན་གལ་ཆེན་དུ་བལྟས་ནས་བཀའ་སློབ་གཞན་རྣམས་གལ་ཆེན་དུ་མཐོང་གི་མེད་པ་ཁྱེད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཟིགས་པ་འདྲ། དེ་མིན་འདི་ལྟར་ཁ་ཚོན་བཅད་ནས་ག་ལ་བཤད། ངས་༧གོང་ས་མཆོག་གི་བཀའ་སློབ་རྒྱབ་རྟེན་དུ་དྲང་བར་ཁྱེད་རང་ཁོང་དགོད་ཤོར་སོང་ཟེར་བ་ལྟ་བུ་ཞིག་གོ་སོང་མོད་ཁྱེད་ཀྱིས་དེ་ལྟར་བཤད་མེད་ཚེ་ངས་གོ་ནོར་ཐེབས་པར་བརྩི་ཆོག མ་ཉེས་ཁག་གཡོག་དང་རྒྱུ་མཚན་མེད་པའི་ལོང་བཤད་ཀྱིས་རྒོལ་བ་ཚར་གཅོད་ཉམས་སྟོན་པའི་བྱེད་སྟངས་དེར་ང་ནམ་ཡང་ཞེན་པ་ལོག་གི་ཡོད། ཁྱེད་ཀྱིས་ཀྱང་ངས་དགེ་འདུན་པའི་སྡེར་ཐར་བ་དང་། ཐམས་ཅད་མཁྱེན་པ། ཚེ་ཕྱི་མ་སོགས་དོན་དུ་གཉེར་མཁན་མེད་པར་བཤད་པ་ཐེངས་གཅིག་ཙམ་མིན་པར་གསུང་འདུག ཁྱེད་ཀྱིས་བཤད་སྟངས་ལྟར་ན་དེ་ཡང་ནག་པོ་བཟོ་ཐབས་ཀྱི་ཇུས་ཤིག་ཡིན་པ་འདྲ།
ད་དུང་གྲྭ་བར་ནང་ཆོས་དང་གནའ་རབས་ཀྱི་སློབ་སྦྱོང་གང་འཚམས་ཤིག་དགོས་པར་བཤད་པ་དེར་གང་འཚམས་ཤིག་ལས་མི་དགོས་པར་བཤད་པར་གོ་བ་ལེན་ཚུལ་དེ་ཚོ་ཡང་ཁྱེད་ལྟར་ན་གོང་གི་ཇུས་དེར་འདུ་ཆོག་པ་འདྲ། ད་དེ་ཚོ་བཤད་ནས་སྙིང་པོ་མི་འདུག་གང་ལྟར་ངས་གྲྭ་བར་དེང་དུས་ཀྱི་སློབ་སྦྱོང་དགོས་པར་བཤད་པའི་དགོས་པ་དང་། རྒྱུ་མཚན། རྒྱབ་རྟེན་ཚང་མ་གོང་དུ་བཤད་ཡོད། ཁྱེད་ཀྱི་གོ་བ་གང་འདྲ་ཞིག་ལེན་ཁྱེད་ཀྱི་རང་དབང་རེད།
མཇུག་ཏུ་ཡང་བདག་གིས་ཆེས་གལ་ཆེན་དང་རིན་ཐང་བླ་མེད་དུ་བརྩི་བའི་བཀའ་སློབ་ཅིག་ལུང་འདྲེན་བྱེད་འདོད་བྱུང་། དེ་ནི་རང་ཉིད་ཐོབ་འདོད་ཀྱི་ཧམ་པ་མིན་པར་བཀའ་སློབ་འདིས་གནས་ལུགས་མང་པོ་ཞིག་གསལ་འདོན་བྱེད་ཀྱི་ཡོད་པས་ཡིན། “དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་བ་ཟེར་བ་དེ། དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང་། དེང་དུས་ཀྱི་ཤེས་ཡོན་དེ་དག་ཆ་ཚང་བེད་སྤྱོད་བྱས་པའི་ཐོག་ལ་ནང་བ་སངས་རྒྱས་པའི་ཆོས་དེར་བརྟག་དཔྱད་བྱས། བསམ་བློ་བཏང་། མྱོང་བ་ལ་སྐོར་བའི་ཐོག་ནས་ཤེས་ནས་དད་པ་ཐོབ་པ་དེ་འདྲ་ཞིག་བྱུང་ན་དུས་རབས་ཉུ་ཤུ་རྩ་གཅིག་པའི་ནང་བ་ཟེར་བ་རེད།”
༧གོང་ས་མཆོག་གིས།
ལན། གསེར་རྟ་ཚུལ་ཁྲིམས།
སྐུ་ཉིད་བསྐྱར་དུ་ཕེབས་པར་འཚམས་འདྲི་ཞུ། དེ་རིང་ང་ལ་བྲེལ་ཆེན་པོ་ཡོད་པས་བསམ་ཚུལ་མདོར་བསྡུས་ཞུ་རྒྱུ་ཡིན། ཁྱེད་ཀྱིས་གནད་དོན་ཁ་ཤས་ཐོག་གསལ་བཤད་གནང་བས་གང་འཚམས་གསལ་པོ་ཆགས་སོང་།
འོན་ཀྱང་ད་དུང་ངེད་གཉིས་ཀྱི་བསམ་བློ་གཏོང་སྟངས་ལ་ཧེ་བག་ཆེན་པོ་འདུག་པས་དེའི་སྐོར་མདོ་ཙམ་ཞུ་རྒྱུར། ཁྱེད་ཀྱིས་“གྲྭ་པར་དེང་དུས་ཀྱི་སློབ་སྦྱོང་དགོས་པ་དེ་གྲྭ་བ་ལོག་རྗེས་རང་ལ་ཕན་པ་ཁོ་ནའི་ཆེད་དུ་ཡིན་པ་དང་དེ་སྒྲུབ་བྱེད་དུ་༧གོང་ས་མཆོག་གི་ལུང་དྲངས་པ་རྩ་ནས་མིན། དེ་དགོས་པའི་རྒྱུ་མཚན་གཙོ་བོའི་ནང་གི་གཙོ་བོ་ནི་སེར་མོ་བའི་སྡེ་ལ་སྤྱི་ཚོགས་ནང་དུ་ཆེ་མཐོང་དང་གོང་བཀུར་དགོས་པ་དང་དེ་ལྟར་ཡོང་བ་ལ་ནང་གི་ཉམས་ལེན་དང་ཀུན་སྤྱོད་ཡག་པོ་ཡོད་པ་གང་ཞིག་ལ་དེང་དུས་ཀྱི་སློབ་སྦྱོང་དགོས་པར་བཤད་པ་ཡིན།”ཞེས་ཁ་གསལ་གཏིང་གསལ་གྱིས་གསུངས་འདུག་པས། འདི་ལ་ངས་གོ་བ་ལེན་མི་ཤེས་པ་གང་ཡང་མི་འདུག
དེའི་ཐད་ཞུ་རྒྱུ་ཞིག་ལ་ཁྱེད་ཀྱིས་“སེར་མོ་བའི་སྡེ་ལ་སྤྱི་ཚོགས་ནང་དུ་ཆེ་མཐོང་དང་གོང་བཀུར་དགོས་”པ་དེ་རེད་ཅེས་རྩལ་འདོད་བྱས་འདུག ད་བར་སྤྱི་ཚོགས་ནང་སེར་མོ་བའི་སྡེ་ལ་ཆེ་མཐོང་མེད་པ་རྩ་བ་ནས་ཤེས་རྟོགས་ཐུབ་ཀྱི་མི་འདུག དེ་ཡང་གང་མཐོང་བའི་བསམ་ཚུལ་དེ་བརྗོད་པ་ལས། དག་སྣང་དེ་འདྲ་གང་ཡང་མིན། དེ་ནི་དགེ་འདུན་པའི་སྡེ་ཡིས་ཆེད་དུ་དེ་ལྟར་ཆེ་མཐོང་ཐོབ་འདོད་ཀྱིས་བྱས་པ་ཞིག་ཀྱང་ཡིན་པར་ངོས་འཛིན་རྩ་བ་ཉིད་ནས་མེད། མདོར་བསྡུས་ན་སྤྱི་ཚོགས་ཀྱི་ཆེ་མཐོང་དང་གོང་བཀུར་དགོས་པ་དགེ་འདུན་པའི་སྡེའི་རྩ་དོན་དུ་འཛིན་དགོས་ན། གྲྭ་ལོག་ངའི་སེམས་ངོར་དེ་ཡང་དམ་པའི་ལྷ་ཆོས་དང་གཏན་ནས་མི་མཐུན་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
ངའི་ངོས་འཛིན་བྱེད་སྟངས་ནི་ཆེ་མཐོང་དང་གོང་བཀུར་ཁོ་ན་དོན་དུ་གཉེར་བ་ནི་དམ་པའི་ལྷ་ཆོས་ཀྱི་དགོངས་དོན་ལས་ཟློག་ཕྱོགས་སུ་གྱུར་པ། རྙེད་བདེ་གྲགས་བསྟོད་ཅེས་འཇིག་རྟེན་ཆོས་བརྒྱད་དོན་དུ་གཉེར་བ་ཞིག་རེད། སྙིགས་མ་ལྔ་བདོ་བའི་དུས་འདིར་དགེ་འདུན་པའི་སྡེ་ཡིས་འཇིག་རྟེན་ཆོས་བརྒྱད་ཁོ་ན་གལ་ཆེ་ཤོས་སུ་འཛིན་དགོས་པ་ཞིག་ཡིན་ན། ང་ལ་དམིགས་བསལ་ཀྱིས་གཏན་ནས་མ་རེད་ཅེས་ཞུ་རྒྱུའི་སྤོབས་པ་མེད། དེར་བརྟེན་ངེད་གཉིས་བགྲོ་གླེང་བྱས་ནས་གནད་དོན་འདིའི་ཐད་ཁྱེད་ལ་རྒྱལ་ཁ་ཐོབ་པར་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར་སོང་།
སྤོང་བ་ཐོས་བསམ་དང་ཀློག་པ་བསམ་གཏན་ལ་བརྩོན་མཁན་ཞིག་ལ་མཚོན་ན་འཇིག་རྟེན་ཆོས་བརྒྱད་ནི་སྤོང་བྱ་ཁོ་ན་ཡིན་པ་གཞུང་ལུགས་ཁག་ལས་མཐོང་བ་དང་། དམ་པ་རྣམས་ཀྱི་ཞལ་ནས་ཡང་ཡང་ཐོས་པ་ལས། ཕྲན་གྱི་ཉམས་མྱོང་ཚད་མ་ལ་བརྟེན་ནས་ཐོབ་པའི་དཔང་རྟགས་གང་ཡང་མེད་པས། ལུང་དོན་ཙམ་ལ་ཡིད་ཆེས་མི་བྱེད་པར་རིག་གསར་ལ་འགྲམ་ཆུ་ལྡང་བའི་གང་ཟག་ཅིག་ལ་མཚོན་ན་དེང་གི་དུས་འདིར་ངའི་རྒྱུ་མཚན་དེ་ཚོ་གནས་ལུགས་གང་ཡང་མེད་པའི་འཆལ་གཏམ་ཞིག་ཏུ་གཟིགས་སྲིད་པས་དེའི་ཐད་ནས་བསྐྱར་དུ་ཞུ་རྒྱུ་མེད།
ཁྱེད་ཀྱི་རྒྱུ་མཚན་གསུངས་སྟངས་དེ་དང་། ད་བར་གདན་ས་ཁག་ནས་དེང་དུས་སློབ་སྦྱོང་ཟེར་ནའང་མི་ཤེས་ཏེ། དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་ལ་དེ་ཙམ་ཐུགས་སྣང་མི་གནང་བའི་གནད་དོན་དེ་གཉིས་གཞི་གཅིག་གི་སྟེང་དུས་ཧྲིག་ཀེར་བབས་འདུག གནད་དོན་འདིའི་ཚོའི་ཐོག་ལ་གནས་ལུགས་དང་རྒྱུ་མཚན་མང་པོ་གང་ཡང་ཤོད་ཀྱི་མེད། ཁྱེད་ཀྱི་དགོངས་གཞི་ངོ་མ་ག་རེ་ཡིན་པ་དེ་རིང་གི་གསལ་བཤད་དེའི་ནང་དུ་འཁོད་འདུག་པས་ཤེས་རྟོགས་བྱུང་སོང་། འོན་ཀྱང་མོས་མཐུན་ཆ་ཚང་ཞུ་ཐུབ་མ་སོང་བས། དགོངས་འགལ་མེད་པ་ཞུ་བཞིན་ཡོད།
ལན། སེར་ཤུལ་རིན་ཆེན་དོན་གྲུབ།
བཀུར་འོས་དྲ་གྲོགས་ལགས། ལས་བྲེལ་ལ་མ་བལྟོས་པར་ཕེབས་པར་དགའ་བསུ་ཞུ། དེས་མཛའ་བརྩེ་ཞིག་དང་གདེང་འཇོག་ཅིག་མཚོན་པའི་ངོས་འཛིན་བྱེད་ཀྱི་ཡོད། ངེད་གཉིས་ཀྱི་བསམ་ཚུལ་མི་མཐུན་ས་གཙོ་བོ་དེ་མདོར་དྲིལ་ན་གྲྭ་བར་དེང་དུས་ཀྱི་བསམ་བློ་དང་ཀུན་སྤྱོད་དགོས་དང་མི་དགོས། སྤྱི་ཚོགས་ཀྱི་ནང་དུ་སེར་མོ་བའི་སྡེ་ཡི་ཆེ་མཐོང་དང་གཟི་བརྗིད་ཡང་དག་པ་ཞིག་ཡོད་དང་མེད། གྲྭ་བ་ཚང་མ་ཚེ་ཕྱི་མ་ཁོ་ནས་ཆེད་དུ་བརྩོན་བཞིན་ཡོད་དང་མེད། འདི་ཙམ་ཡིན་པ་འདྲ། གྲྭ་བར་དེང་དུས་ཀྱི་བསམ་བློ་དང་ཀུན་སྤྱོད་མི་དགོས་བསམ་པའི་འདུ་ཤེས་ཀྱི་འབྱུང་ཁུངས་ནི་དེང་དུས་ཀྱི་བསམ་བློ་དང་ཀུན་སྤྱོད་ཡོད་ཚད་སྡུག་ཕྱོགས་ཁོ་ནར་གོ་བ་བླངས་དྲགས་པའི་རྐྱེན་གྱིས་རེད། དེང་དུས་ཀྱི་བསམ་བློ་ཟེར་བ་དེ་དེང་གི་དུས་ཚོད་དང་འཚམ་པའི་བསམ་བློ་ཟེར་བ་རེད། དེ་ལ་ཡག་དང་སྡུག་པའི་ཕྱོགས་གཉིས་ཀ་ཡོད་པ་རེད། དེའི་ནང་ནས་སྤྱི་ཚོགས་ལ་ཕན་ཐོགས་ཤིང་མི་རིགས་ཀྱི་ཞབས་འདེགས་པའི་བསམ་བློ་དང་ཀུན་་སྤྱོད་དེ་ཚོ་དེང་གི་གྲྭ་བ་ཚོར་ངེས་པར་དུ་དགོས་ངེས་རེད། དེས་གྲྭ་བའི་བསླབ་ཁྲིམས་དང་སངས་རྒྱས་ཀྱི་བཀའ་གསུང་གང་དང་ཡང་འགལ་གྱི་མ་རེད། སྤྱན་དང་། མངོན་ཤེས། སྨྲ་མཁས། བཟོད་པ་སོགས་གཞན་དོན་བྱེད་པའི་རྐྱེན་དུ་ཆོས་གཞུང་དུ་གསུང་ཡོད། དེ་ནི་གདུལ་བྱ་འམ་སྤྱི་ཚོགས་ཀྱི་ཁམས་མོས་དང་བསྟུན་དགོས་པའི་གནས་ལུགས་ཁོ་ན་ཡིན། གྲྭ་བར་སྤྱི་ཚོགས་ནང་དུ་ཆེ་མཐོང་ཡོད་མེད་ནི་ཞིབ་འཇུག་བྱས་ན་ཤེས་པའི་གནད་དོན་སླ་མོ་ཞིག་རེད། དེང་སང་དགོན་པར་ཞུགས་མཁན་ག་ཚོད་འདུག དགོན་པ་ནས་འགྲོ་མཁན་ག་ཚོད་འདུག བསྟན་པའི་སྦྱིན་བདག་ག་ཚོད་འདུག དོན་དངོས་ཀྱི་ཐོག་ནས་དགེ་འདུན་གྱི་སྡེར་དད་པ་དང་དམ་ཚིག་གཡོ་ལྷད་མེད་པའི་མི་སྐྱ་ག་ཚོད་འདུག དེ་ལས་ལྡོག་སྟེ་གྲྭ་བ་དང་དགོན་པར་མི་རིགས་ཀྱི་ཁུར་བོ་དང་སྤྱི་ཚོགས་ཀྱི་གད་སྙིགས་སུ་བསམ་མཁན་དང་བཤད་མཁན་བོད་ཕྱི་ནང་གཉིས་སུ་ག་ཚོད་འདུག དགོན་པ་གྲྭ་ཚང་ཁག་ལ་འགྱེད་དང་གཏོང་སྒོ་ཆེན་པོ་བྱེད་མཁན་དེ་ཚོ་འགྲན་སྡུར་གྱི་རྣམ་པ་མ་ཡིན་པར་ཆོས་དང་བསྙེན་བཀུར་རང་གི་ཐོག་ནས་བྱེད་མཁན་ག་ཚོད་འདུག གཙོ་བོ་གཞིས་ཆགས་ཁག་ནང་གྲྭ་བ་བྱེད་མཁན་ལ་ལྟ་ཚུལ་གང་འདྲ་འདུག་གོང་གི་རྩོམ་ཡིག་ནང་དཔེ་མཚོན་བཀོད་ཡོད་པ་དེས་ཤེས་ནུས་མོད་རེ་རེ་ནས་གསལ་བཤད་བྱེད་ཚད་ག་ལ་ཡོད། གྲྭ་བ་ཚང་མ་ཚེ་འདིའི་བདེ་སྣང་བློས་བཏང་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་ཆེད་དུ་གཞོལ་བཞིན་ཡོད་མེད་ནི་དེང་གི་གྲྭ་བའི་བྱ་སྤྱོད་ངོ་མའི་ནས་ཐོག་ནས་ར་འཕྲོད་བཞིན་ཡོདལ་རེེ་རེ་ནས་བཤད་དགོས་མ་མཆིས། ཁྱེད་ཀྱིས་ “ངའི་ངོས་འཛིན་བྱེད་སྟངས་ནི་ཆེ་མཐོང་དང་གོང་བཀུར་ཁོ་ན་དོན་དུ་གཉེར་བ་ནི་དམ་པའི་ལྷ་ཆོས་ཀྱི་དགོངས་དོན་ལས་ཟློག་ཕྱོགས་སུ་གྱུར་པ། རྙེད་བདེ་གྲགས་བསྟོད་ཅེས་འཇིག་རྟེན་ཆོས་བརྒྱད་དོན་དུ་གཉེར་བ་ཞིག་རེད།”ཅེས་གསུང་བ་དེ་ངས་ཀྱང་ཁས་ལེན་བྱེད་ཀྱི་ཡོད། གྲྭ་བས་“ཆེ་མཐོང་དང་གོང་བཀུར་ཁོ་ན་དོན་དུ་གཉེར་”དགོས་པར་ངས་གང་དུ་ཡང་བཤད་མེད་པས་འདི་ཡང་ཁྱེད་ཀྱིས་རྟོག་བཟོའི་འཆར་སྣང་ཞིག་ལས་མ་འདས། སྐབས་འདིར་“རྗེས་སོར་བགྲོ་གླེང་བྱེད་པའི་སྐབས་བརྗོད་གཞི་དངོས་ཟུར་དུ་བཞག་ནས་གཡས་ཁག་གཡོན་དཀྲི་མེད་པར་ཐད་ཀར་བརྗོད་གཞིའི་ཐོག་ཕེབས་ཐུབ་པའི་རེ་བའང་ཞུ་བཞིན་ཡོད།།”ཅེས་པའི་ཁྱེད་ཀྱི་རེ་སྐུལ་འདི་ཁྱེད་ལ་ཕར་ཞུས་ན་འོས་པར་མཐོང་ངོ་།། གྲྭ་བའི་སྤྱི་ཚོགས་ལ་ཆེ་མཐོང་དགོས་པ་དེ་བསྟན་པ་སྤྱིའི་ཆ་ནས་རེད། དགོན་སྡེ་སྤྱིའི་ཆ་ནས་རེད། དེ་ལྟར་ཡང་གང་ཟག་སྒེར་ངོས་ནས་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་བྱ་རྒྱུ་དང་དགེ་འདུན་སྡེ་སྤྱི་ལ་སྤྱི་ཚོགས་ནང་ཆེ་མཐོང་དགོས་པར་བཤད་པ་ལ་འགལ་བ་གང་མེད། འདི་དག་ལ་རྨོངས་པ་ནི་གཞུང་ལུགས་ལ་སློབ་སྦྱོང་གི་དུས་ཡུན་ཅུང་དྲགས་པས་རེད། བསམ་ཚུལ་མི་མཐུན་པའི་ལྟ་ཚུལ་དེས་སྒེར་ལ་ཕོག་ཐུག་མི་འགྲོ་བ་མ་ཟད་བགྲོ་གླེང་འདི་དག་བརྒྱུད་བར་ཐག་ཇེ་ཉེར་འགྲོ་ཡི་འདུག ཐུགས་ཁྲལ་མ་གནང་། བཀྲ་ཤིས་བདེ་ལེགས་ཞུ།
