ནངས་མོ་དེར།

 

 

སྐབས་དེར།

ངས་གང་ཡང་ཉན་བསམ་མི་ཕོད་པའི་གནས་སུ་གྱར།

ངས་སྐྱོ་བའི་མིག་ཆུ་དང་ལྷན་དུ་མ་ཎི་འབྲུ་དྲུག་གི་དབྱངས་རྟ་གྱེར་ནས།

ཁྱེད་ཚོ་བདེ་ཆེན་ཞིང་དུ་སྐྱེས་བའི་སྨོན་ལམ་བཏབ།

དད་འདུན་གྱི་མཆོད་རྐང་རེ་རེས།

ཁྱོད་ཚོ་གཤེགས་པའི་ལམ་བུར་འོད་སྣང་སྟེར་བའི་སྨོན་ཚིག་བཏབ།

རྡུལ་དམར་དང་ཆོ་ངེ་མང་བའི་ནངས་མོ་དེར།

སྨྲེ་ངག་དང་ངུ་འབོད་ཀྱི་ཁྲོད་ནས་ཁྱེད་ཚོ་བཞུད་སོང་ལ།

མིག་ཆུ་དང་སྐྱོ་གླུ་ཡི་ཀློང་ནས་ཁྱེད་ཚོ་ཆས་སོང་།

ངས་རྒྱང་རིང་གི་གྲུ་ཁ་ཞིག་ནས་སེམས་ཀྱིས་མྱ་ངན་ཞུ་ཞིང་།

བཟོད་མེད་ཀྱི་གདུང་བ་གསོན་པོ་སེམས་ཁུང་ནས་མྱོང་བཞིན་ཡོད།

 

 

ངའི་ཕ་མ་དང་སྤུན་ཟླ་ལགས།

ཁྱེད་ཚོ་གཟུག་གཟེར་དང་སྐྱོ་གདུང་གི་མནར་བའི་ནངས་མོ་དེར།

ངས་ཆེས་རྒྱང་རིང་གི་ས་མཐའ་འདི་ནས།

འབྲུ་དྲུག་མ་ཎི་ཁ་ནས་འདོན་ཞོར།

སྐྱོ་གདུང་དང་འཇིགས་སྐྲག་གིས་ཁེངས་པའི་སེམས་ཀྱི་ཚོར་བ་རེ་རེ།

སྙན་ངག་གི་ལམ་ནས་མཚོན་པར་བྱས།

 

 

བཞི་པའི་བཅུ་བཞི་ཉིན་གྱི་ནངས་མོ་དེར།

བདག་གི་ཟུངས་ཁྲག་དང་ཚེ་སྲོག་ལ་གཏན་དུ་འདྲེས་པའི་ཁྱེད་ཚོ།

འཇིག་རྟེན་མི་ཡུལ་བཞག་ནས་ཆས་སོང་།

ངས་དྲན་ཐེངས་རེར་སེམས་ཀྱི་ན་ཟུག་ལྕི་ལ།

མིག་མཐའི་མཆི་མ་དེ་བས་འཛད་དཀའ།

ན་ཟུག་དང་མིག་ཆུའི་ཁྲོད་ནས།

སེམས་གཏིང་ནས་མཆོད་མེ་རེ་རེ་སྒྲོན་ཞོར།

མ་ཎི་འབྲུ་དྲུག་གི་དབྱངས་རྟ་རེ་རེས།

ངའི་ཕུ་ནུ་མིང་སྲིང་ཚོ་བདེ་ཆེན་ཞིང་དུ་འདྲེན་ཐབས་ལ་རེ་བཞིན་ཡོད།

 

ལོ་ཟླ་དེ།

ཁྱེད་ཚོའི་ཞེན་ཆགས་ཀྱི་མིག་ཟུང་མི་ཡུལ་ཅེར་ནས་ཕྱིན་པའི་ལོ་ཟླ་རེད་ལ།

སྐྱོ་གདུང་གི་སེམས་པས་རི་རླུང་སྒུལ་བའི་ནམ་ཟླ་རེད།

ནངས་མོ་དེ་ནི་སྡུག་ཡུས་ཀྱི་མཆི་མས་གྲང་ཁོག་བརླན་ཞིང་།

སྐྱོ་གདུང་གི་ན་ཟུག་གྲང་ཁ་རུ་རྒོད་པའི་ནངས་མོ་རེད།

བཞི་པའི་བཅུ་བཞི།

དེ་ནི་སྤུན་ཟླ་མི་རིགས་ཀྱིས་མྱ་ངན་གྱི་སྨྲེ་ངག་འདོན་པའི་ནམ་དུས་རེད་ལ།

ངས་ས་མཐའ་ནས་སྐྱོ་གདུང་གི་སྙན་ངག་འབྲི་བའི་ཉིན་མོ་རེད།

སྡུག་གི་མཆི་མས་ངེད་སྤུན་ཟླ་ཚོའི་ཉིན་གྲོགས་བྱས་ཞིང་།

སེམས་ཀྱི་ན་ཟུག་མཚན་གྲོགས་སུ་གྱུར་བའི་ནམ་དུས་རེད།

ན་ཟུག་དང་མིག་ཆུས་ཁེངས་པའི་ནམ་དུས་དེ།

ཕ་རྨས་མ་བརླག་བྱུང་བའི་ནངས་མོ་དེ།

བུ་བོར་ཚ་བོ་ཤོར་བའི་ལོ་ཟླ་དེ།

ངས་ནམ་ཡང་བརྗེད་མི་སྲིད་ལ། བརྗེད་ཀྱང་ག་ལ་ནུས།

 

 

དེར་བརྟེན།

ངས་སྐྱོ་གར་དང་ལྷན་དུ།

དུང་སེམས་སྙིམས་པར་བཏེགས་ནས་རི་ཆུ་སྟོང་ཕྲག་དུ་མའི་ཕར་རྒྱབ་ནས།

ང་ཚོ་གནས་དེར་སླར་ཡང་ལྷན་འཛོམས་ཡོང་བའི་སྨོན་བཞིན་ཡོད་ལ།

ཁྱོད་ཀྱི་སྐྱོ་གདུང་ངའི་སྐྱོ་གདུང་ཡིན་ལ། ཁྱོད་ཀྱིས་མྱོང་བ་ངས་ཀྱང་མྱོང་བཞིན་ཡོད།

ཁྱེད་ཚོ་གླེང་བཞིན་ཡོད་ལ། ཁྱོད་ཚོ་འབྲི་བཞིན་ཡོད།

སྤུན་ཟླ་ཚོ།

ངའི་དྭངས་གཙང་གི་ཤ་ཁྲག་འདྲེས་པའི་ཁྱེད་ཚོས།

དེ་འདྲའི་ལན་ཆགས་ཀྱི་སྐྱོ་གདུང་མྱོང་བ་ཆེས་ཐོག་མ་རེད་ལ།

ཆེས་མཐའ་མ་དེ་ཡང་ཡིན་པར་སྨོན།

༢༠༡༠་༤་༡༤ཉིན་ཕ་ཡུལ་ལ་ས་ཡོམ་བྱུང་བའི་དུས་ཀྱི་འཇིགས་སྐྲག་དང་སྐྱོ་གདུང་གི་ཀློང་ནས་སྤུན་ཟླ་ཚོར་རང་སེམས་མཚོན་པའི་སྐྱོ་གླུ་ཞིག ༢༠༡༠་༤་༡༥ཉིན་སྦྱར་བའོ།