མུན་པའི་ལེའུ
ཡིན་ན་ཡང
འཇིག་རྟེན་ན་གསང་བ་ནི
མིང་གི་ཕྱི་ཤུན་ཙམ་ཞིག་རེད
ཁྱེད་ཀྱི་ལས་དབང་རྒུད་སོང་བའི་ཉིན་མོ་དེར
ཚིག་མཚོན་དང་མཆིལ་ཞག་གི་བར་ནས
སུ་ཞིག་གི་གུ་ཡངས་ལ་སྒུག་ཡོད
སྐྲ་ལོ་དང་སྣ་ཁུང་བྲེག་སོང་བའི་ཁྱེད
དམར་ཧྲེང་གི་ཚུལ་གྱིས་ཁྲོམ་གཞུང་ལ་ཐོན་དུས
རང་ལུས་འདོམ་གང་པོ་དེ
རང་དབང་གི་སྤྱོད་ཆོག་པ
ཁྱེད་ཀྱིས་སུ་ཞིག་ལ་གསང་དགོས
མ་གཞི་ནས
ཁྱེད་ལ་བརྙས་བཅོས་བྱས་སོང་བའི
དཀོན་མཆོག་གི་ལས་གནག་དེས
ཡངས་པའི་ས་ཆེན་ལ
ཞབས་རྗེས་ནག་རོག་གེར་ཞིག་བཞག་སོང་ལ
དཀར་སེང་སེང་གི་གངས་རི་ལ
ཁྲག་དམར་ཞིག་སྟོར་ནས་ཀྱང་བུད་སོང
ཕྱིར་མིག་གི་ལ་གསང་བལྟ་བྱས་མ་མྱོང་ཞིང
ཀླད་ཆེན་ལ་ལྗང་མདོག་གི་ཚོས་གཞི་ངོན་པའི
སྐྱེས་ཆེན་འདི་ཚོ
གཤིན་རྗེའི་ལས་མཁན་བཞིན
བྱ་ངན་གྱི་ཐབས་སྣ་ཚོགས་དང་འགྲོགས་ནས
དམྱལ་ཁམས་ཀྱི་ལྕགས་སྒྲོག་རིང་མོ་དེ
བསྐོར་ནས་ཆས་ཡོད
དེ་འདྲའི
མུན་ནག་གི་འཇིག་རྟེན་ལས
ཐོལ་གྱིས་ལྡང་འོང་བའི་འདྲེ་སྲིན་དེ་ཚོ
ངས་ནམ་ཡང་གུ་ཡངས་ལ
གཏོང་འདོད་མེད་པའི་དམ་སྲི་དམར་པོར
ངས་སྨྱུ་གུ་དང་མཛུབ་རྩེ་ནས
ཁྱོད་ལ་རྒོལ་ལན་ཞིག་སྤྲོད་འདོད
༢༠༡༡ ༨ ༡༨