ཕེབས་བསུ་ཁ་བཏགས་དཀར་པོ།
ཐུབ་བསྟན་ཉིན་བྱེད་འོན་སྣང་འབུམ་འཚེར་བའི།།
གང་སྐུ་རྟ་ལྗངས་དབང་པོའི་མདངས་ལྡན་ཅན།།
གསེར་མདོག་ཅོད་པན་འཆང་བའི་གཙུག་གི་ནོར།།
སྐྱབས་མཆོག་མུན་སེལ་སྒྲོན་མེར་ཕེབས་བསུ་ཞུ།།
གངས་ཅན་སཱ་ལའི་མདོ་ཁམས་སེར་ཤུལ་དུ།།
སྐུ་ཡི་མཚན་དཔེའི་མེ་ཏོག་བཞད་པ་དང་།།
རྒྱལ་བསྟན་འཛིན་པའི་རང་མདངས་འོད་པོ་ཆེ།།
ཕན་བདེའི་སྙིང་ནོར་ཆེན་པོར་ཕེབས་བསུ་ཞུ།།
ཁྱོད་སྐུ་པད་མ་དཀར་པོ་བཞད་མ་ཐག།།
བུ་སློབ་རྒྱུ་སྐར་ཚོགས་ཀྱིས་ཆེ་བསྐུལ་ལྟར༎
ལེ་བར་ཁྲི་སྟོང་བརྒལ་ཏེ་འདིར་ཕེབས་ལ།།
ཟླ་མེད་འགྲོ་བའི་བླ་མར་ཕེབས་བསུ་ཞུ།།
འཕགས་ཡུལ་ཧི་མ་ལ་ཡི་མཛེས་ལྗོངས་ཀྱི།།
ཕྱག་ན་པད་དཀར་འཆང་རྣམ་རོལ་བ།།
གངས་ཅན་འགྲོ་བའི་མགོན་པོའི་གདན་ས་ཆེར།།
ཁྱོད་སྐུ་ཉི་གཞོན་དབང་པོར་ཕེབས་བསུ་ཞུ།།
ལྷོ་ཡི་ཞི་བདེ་རྒྱ་མཚོའི་ཉེ་འགྲམ་དུ།།
སེར་བྱེས་མཁས་སྙན་བྱེ་བའི་གྲ་ཚང་ཆེར།།
ནང་བསྟན་འཆད་རྩོད་རྩོམ་པའི་འདུས་སྡེ་ཆེར།།
མཆོག་སྤྲུལ་རིག་པའི་དཔའ་བོར་ཕེབས་བསུ་ཞུ།།
ལུང་དང་རིགས་པའི་འདབ་བརྒྱ་ཡོངས་གྲོལ་བའི༎
མཐའ་བྲལ་དབུ་མའི་ཞིང་ཁམས་ཞེས་བསྔགས་པ༎
བཀའ་རམས་དགེ་བའི་བཤེས་ཀྱི་འབྱུང་གནས་ཆེར།།
རབ་གསལ་དུང་ཟླ་གཞོན་ནུ་ཕེབས་བསུ་ཞུ།།
གྲངས་མེད་བསྐལ་བ་དུས་ཀྱི་སྔ་རོལ་དུ།།
ཀླུ་ཐོགས་ཡབ་སྲས་རྒྱན་དྲུག་མཆོག་གཉིས་སོགས།།
གླིང་འདིའི་མཁས་པའི་ཡང་རྩེར་འཕགས་པ་ལྟར།།
བསྟན་པའི་གཙུག་རྒྱན་ཁྱོད་ཀྱང་དེ་བཞིན་སྨོན།།
བསྟན་འཛིན་སྐྱེས་བུའི་མཛད་འཕྲིན་འོད་སྟོང་གིས།།
རབ་འབྱམས་རྒྱལ་གཞུང་པོད་ནོར་བུའི་མཛོད།།
གསལ་བར་རྟོགས་པའི་འཕྲིན་ལས་མ་ཉམས་པར།།
བཀའ་བསྟན་མཐའ་ཡས་རྒྱ་མཚོར་རོལ་ཅིག་ཀྱེ།།
ཆུང་སྲིད་ནམ་མཁའི་ནོར་བུ་འོད་སྟོང་ཅན།།
ཞབས་སོར་བཀྲ་ཤིས་རི་མོ་འདིར་འཁོད་ལ།།
སོག་པན་སེར་པོ་ཤུལ་གྱི་གྲལ་མཐའ་བ།།
དཀོན་མཆོག་རིག་མིང་འཛིན་པས་ཕུལ་བ་ལགས།།
ར྄ྫ་སེར་ཤུལ་དགོན་གྱི་མཁན་ཆེན་ཐུབ་བས྄ྟན་དབང་པའི་ཡང་སྲིད་རིན་པོ་ཆེ་ར྄ྒྱ་གར་འཕགས་ཡུལ་དུ་ཞབས་སོར་འགོད་ས྄ྐབས་བྲིས། སེར་ཤུལ་དཀོན་མཆོག་གིས།