མཐོ་རིམ་སློབ་མའི་ཚོགས་ཆེན་དུ་བསྐྱོད་པ།

དགའ་ཕྱོགས་འདིའི་ཐོག་ནས་ང་རང་སྨྱུག་འཛིན་པ་ཞིག་གི་གྲལ་མཇུག་ནས་ཨུ་ཚུགས་ཀྱིས་འཚང་ཁ་བརྒྱབས་ཤིང་།རྩོམ་པ་པོ་ཞེས་པའི་མིང་བྱང་འདི་རང་ཉིད་ཀྱི་སྤྱི་བོར་བཙན་ཚུགས་ཀྱིས་འགེལ་འདོད་སྐྱེས། མགོ་རྣ་མི་གཙོ་དྲང་གཏམ་རང་ལུགས་ཀྱིས་བཤད་ན་དོན་ངོ་མའི་ཆ་ནས་རང་ཉིད་རང་གིས་ངོས་འཛིན་གསལ་བོ་ཞིག་བྱེད་ཐུབ་ཡོད་མེད་དང་། རང་ཉིད་ཤེས་ཡོན་པ་ཞིག་དང་རྩོམ་པ་པོ་ཞིག་ཡིན་མིན་གྱི་དྲིས་ལན་ཡང་རང་ཉིད་ལ་རབ་རིབ་སབ་སིབ་ཏུ་གྱུར། 
འོན་ཀྱང་ངས་རང་ཉིད་བོད་རིགས་ཤིག་ཡིན་པ་དང་། རང་ཉིད་རང་གི་རྒྱལ་ཁབ་གཞན་གྱིས་བཙན་འཕྲོག་བྱས་པའི་སྐྱབས་བཅོལ་བ་ཞིག་ཡིན་པའི་འདུ་ཤེས་ཀྱི་རྒྱུ་བ་འདིའི་འཕར་ལྡང་ཁྲོད་ནས་རང་ཉིད་ཀྱིས་ཐེག་ཚད་ཀྱི་འགན་འཁྲི་ཞིག་ཁུར་ཏེ། སྤྱི་ཚོགས་ཁྲོད་འཁྱར་མ་འཁྱོར་གྱི་གོམ་ཁ་ཞིག་སྤོ་འགོ་བརྩམས། གོམ་འགྲོས་འདིའི་ཆ་ཤས་ཁྲོད་ནས་གླེང་འོས་པ་ཞིག་ནི། སྤྱི་ལོ་ ༢༠༡༠ ལོའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་བར་མགྲོན་བརྡ་འབྱོར་བ་བཞིན་ཚོགས་ཆེན་དེར་མཉམ་ཞུགས་བྱས་པ་འདི་ཡིན། ངས་རང་ཉིད་ལ་དྲི་རྟགས་སྣ་ཚོགས་འགོད་བཞིན་མགྲོན་བརྡ་འདི་དང་ལེན་བྱས་ཤིང་། རྒྱ་གར་ལྷོ་ཕྱོགས་ནས་རྒྱ་གར་བྱང་ཕྱོགས་བར་གྱི་ཉིན་མཚན་མང་པོའི་འགྲུལ་བཞུད་ཀྱི་དཀའ་ཚེགས་བརྒྱུད་དེ། ཟླ་དང་པོའི་ཚེས་ལྔ་ཉིན་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འབྱོར་ཞིང་། ཉིན་དེའི་ལས་རིམ་རྣམས་ལེགས་པར་གྲུབ་རྗེས་སླར་ཡང་དྲི་རྟགས་སྣ་ཚོགས་ཀྱི་ཀློང་རིམ་ཉུལ།
ངས་རང་ཉིད་ཀྱི་གནས་སྐབས་ཀྱི་འགན་འཁྲི་སྟེ་བགྲོ་གླེང་འདིའི་ཐོག་ཤེས་ལྡན་མི་སྣ་ཚོ་དང་དོན་ཕན་ལྡན་པའི་བགྲོ་གླེང་ལྷུག་པོ་ཞིག་བྱ་ཐུབ་བབ། རིག་གཞུང་། ཁོར་ཡུག ཆབ་སྲིད་སོགས་ཀྱི་ཐད་ནས་བོད་ཀྱི་ན་གཞོན་ཤེས་ཡོན་པའི་འགན་འཁྲིའི་སྐོར་ཅི་འདྲ་ཞིག་གླེང་ཐུབ་བབ། གང་འདྲ་ཞིག་བསྒྲུབ་ཐུབ་བབ། འདིར་བསླེབས་པའི་མཐོ་སློབ་དང་གྲྭ་ཚང་ཁག་གི་སློབ་ཕྲུག་ཚོས་འགན་ཁུར་ལྡན་པའི་ཆ་ཤས་ཅི་འདྲ་ཞིག་ལེན་ནམ། དྲི་རྟགས་འདི་དག་གིས་ཡང་ཡང་སྒུལ་ཤུགས་འོག་ནས་དུས་ཚོད་ཀྱི་ཐག་སྒྲ་བསུས་ཤིང་། ཡང་བསྐྱར་དྲི་རྟགས་འདི་དག་གི་ཀློང་དུ་འཁྱམས། བོད་ཡིག་གིས་ཆེན་པོར་བྲིས་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་བ་ཞེས་པའི་མིང་བྱང་འདིས་སྙིང་ལ་དྲོད་སིམ་སིམ་གྱི་ཚོར་བ་ཞིག་སྟེར་འོང་ལ། ཚོགས་ཆེན་འདིའི་ཐོག་ཆེད་དུ་བཅར་བའི་བོད་ཕྲུག་སློབ་མ་ཚོའི་ལྷད་མེད་དྭངས་གཙང་གི་གཤིས་ཀ་དང་མི་རིགས་དང་རིག་གཞུང་ལ་བཅངས་པའི་འདུ་ཤེས་དེས་མི་མངོན་པའི་གསང་བའི་ཞིང་ཁམས་ཤིག་ནས་གཏིང་ཟབ་ཅིང་ཁྱོན་ཡངས་པའི་བརྩེ་སེམས་ཀྱི་མཚོ་མོ་ཞིག་ཀྱང་ངང་གིས་བསྐྱིལ་འོང་། 
ལྷག་པར་དུ་མགོ་སྐྲ་སེར་བོར་བྱས་ཤིང་ཆ་ལུགས་ཡ་མ་ཟུང་གི་བོད་ཕྲུག་འགའ་ཞིག་ཡོད་པ་ཚོས་ཀྱང་རང་ཉིད་ཀྱི་འདུ་ཤེས་འཛིན་སྟངས་དང་བསམ་སྤྱོད་ཕལ་མོ་ཆེ་བོད་མི་རིགས་དང་། བོད་ཀྱི་ཡང་དག་པའི་རིག་གཞུང་སྲུང་འཛིན་གྱི་ཕྱོགས་ན་ཡོད་པའི་རྣམ་འགྱུར་དེས་བོད་ཀྱི་མི་རབས་གསར་བ་ཚོར་རེ་བ་སྣོན་མ་ཞིག་ཀྱང་ངང་གིས་འཕེལ། རང་ངོ་རང་ཤེས་དང་། རང་འགན་རང་ཁུར། འདི་ནི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་རྩ་འཛིན་བསྒྲགས་གཏམ་རེད། རང་ཉིད་རང་གི་རྒྱལ་ཁབ་གཞན་གྱི་བཙན་འོག་ཏུ་ཤོར་བའི་སྐྱབས་བཅོལ་བ་ཞིག་དང་། རང་ཉིད་ངེས་མེད་ས་མཐར་འཁྱམས་པའི་མ་འོངས་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱུད་འཛིན་བྱེད་མཁན་གྱི་བུ་ཕྲུག་ཅིག་ཡིན་པ་ངོ་ཤེས་རྒྱུ་ནི་རང་ངོ་རང་ཤེས་ཀྱི་སྙིང་དོན་དངོས་ཡིན་པ་འདྲ། རང་ཉིད་ཀྱི་གནས་བབ་དེ་ལྟར་ཡིན་པ་ངོས་ཟིན་པའི་ཐོག་ནས་རང་ཉིད་ལ་འཁྲི་བའི་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་པའི་འགན་འཁྲི་དང་། རིག་གཞུང་སྲུང་སྐྱོབ་ཀྱི་འགན་འཁྲི། ཀུན་སྤྱོད་རང་སྲུང་གི་འགན་འཁྲི་སོགས་ལ་ཤུགས་སྣོན་བརྒྱག་རྒྱུ་ནི་རང་འགན་རང་ཁུར་གྱི་ཟབ་ཡངས་བརྗོད་དོན་རེད། ཉིན་འདི་ནས་བཟུང་བོད་རིགས་

མཐོ་རིམ་སློབ་མ་ནང་ཁུལ་གྱི་ཆིག་སྒྲིལ་དང་། བོད་མི་རིགས་ཀྱི་རྩ་དོན་སྒྲུབ་ཐུབ་ཀྱི་ལས་འཆར། རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ། གཞིས་བཞུགས་བོད་རྒྱ་ཆེའི་མི་མང་སྤྱི་དང་ཁྱད་པར་གཞིས་བཞུགས་མཐོ་རིམ་སློབ་མའི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སོགས་ལ་ཡི་རངས་བསྔགས་བརྗོད་དང་། རྒྱབ་སྐྱོར་ལས་འཆར་སོགས་ཀྱི་བརྗོད་གཞི་ལ་བགྲོ་གླེང་དང་གྲོས་བསྡུར་ལྷུག་པོར་གནང་རྗེས་ཉིན་བཞིའི་རིང་གི་བོད་རིགས་ཁེ་གཙང་གི་ཚོགས་ཆེན་དེ་མཇུག་ཡོངས་སུ་བསྒྲིལ་སོང་། ད་དུང་ཅུང་དམིགས་བསལ་གྱི་རྣམ་པ་ཞིག་ནི་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་འགོ་འཁྲིད་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་དང་། དཔལ་རྒྱལ་བ་ཀརྨ་མཆོག་རྣམ་པ་གཉིས་ཀྱིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མཁས་པ་དང་གནད་ཡོད་མི་སྣ་མང་དག་ཅིག་ཆེད་ཕེབས་ཀྱིས་ཚོགས་ཆེན་འདི་ལ་རྒྱབ་སྐྱོར་དང་འདེང་འཇོག་གི་གསུང་བཤད་གནང་བ་དང་། བོད་ཀྱི་མི་རབས་གསར་བ་ཁེ་གཙང་གིས་གོ་སྒྲིག་དང་མཉམ་ཞུགས་བྱས་པའི་ཚོགས་ཆེན་འདི་ཧ་ཅང་གལ་ཆེན་དུ་བརྩིས་ཏེ་མངོན་པར་བསྟོད་ཅིང་མུ་མཐུད་མཇུག་སྐྱོང་གི་བརྒྱུད་སྐུལ་ཡང་གནང་། ཡང་བསྐྱར་བསམ་གཞིག་བྱེད་སྐབས་ཚོགས་ཆེན་འདི་ནི་ཆེས་སྤྱིར་བཏང་རང་བཞིན་གྱི་ཚོགས་ཆེན་ཞིག་ཏུ་མཐོང་མོད་ཞིབ་ཚགས་ཀྱིས་བལྟས་ན། ཚོགས་ཆེན་འདིར་ཆིག་སྒྲིལ་རང་བཞིན་དང་མི་རིགས་རང་བཞིན་གྱི་བསམ་བློ་ལྡན་པ་མ་ཟད། རྒྱུན་འབྱམས་རང་བཞིན་གྱི་གོམ་སྲོལ་ཏེ་མཁས་པའི་མིང་ཅན་དང་ཕྱི་ཕྱོགས་ཀྱི་ཆེད་མཁས་པའི་མིང་ཅན་དག་གིས་གཏམ་བཤད་རྐྱང་རྐྱང་གིས་འགོ་བཙུགས་ཏེ་མཇུག་བསྡུ་བ་མ་ཡིན་པར་བོད་རིགས་ནང་ཁུལ་དང་། སློབ་མ་ནང་ཁུལ། གཞོན་སྐྱེས་ནང་ཁུལ། སྐྱ་སེར་ནང་ཁུལ་བཅས་ལ་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན་གྱི་གླེང་སྟེགས་ཤིག་ཡིན་པས་ཆོས་ལུགས་རིས་མེད་དང་། སྐྱ་སེར་དབྱེར་མེད་ཀྱི་མཐུན་སྒྲིལ་ལྕགས་ཀྱི་གོང་བུ་འདི་ནས་འཛུམ་པའི་རེ་བ་ཆེ་ལ། སྐད་ཡིག་བསྲེ་ལྷད་མི་བྱེད་པ་དང་རང་གི་རིག་གཞུང་ལ་དུང་བའི་མཛའ་སེམས་ཀྱི་མཚོ་མོ་འཁྱིལ་བའི་བླ་སྲོག་རྒྱུན་མཐུད་ཀྱི་མཁའ་དབུགས་གསོན་པོ་ཞིག་འདི་ནས་འཕྱུར་བའི་ཡིད་ཆེས་ཟབ།

ཚོགས་བཅར་བའི་ཁྲོད་དུ་ཚེ་སྲོག་བློས་གཏོང་གིས་རྒྱལ་ཁབ་ཀྱི་རང་དབང་སྲུང་བའི་རྒྱལ་གཅེས་པ་དང་། ཆབ་སྲིད་གནད་དོན་གྱིས་རྡུང་རྡེག་སྣ་ཚོགས་དངོས་སུ་མྱོང་ཞིང་འཁྱུག་ཙམ་རང་དབང་གི་ཡུལ་གྲུ་འདིར་སླེབ་པའི་རྒྱལ་གཅེས་ན་གཞོན་པ་གང་མང་ཡོད་པས་རྒྱལ་གཅེས་འདུ་ཤེས་ཀྱི་འོད་སྣང་འདི་ནས་འཕྲོ་བའི་ཚོད་དཔག་བྱེད་ཆོག ད་དུང་ཆེས་གནད་འགག་ཅན་གྱི་བཟང་ཆ་ཞིག་ཡོད་པ་ནི་ཚོགས་ཆེན་འདི་བརྒྱུད་དེ་ཚོགས་བཅར་བ་རང་རང་གི་དམིགས་ཡུལ་དང་ལས་བསྡོམས་སོགས་ངོ་སྤྲོད་བྱེད་ཆོག་པ་དང་། དེ་ལ་བརྟེན་ནས་བོད་རིགས་ན་གཞོན་ཚོའི་འཚོ་བའི་ཁོར་ཡུག་དང་ཉིན་རེའི་བྱེད་སྒོ་སོགས་མི་གཅིག་ཀྱང་། མཐར་ཐུག་གི་དམིགས་ཡུལ་དང་བསྒྲུབ་བྱ་གཅིག་པ་ཡིན་པའི་ངེས་ཤེས་སྐྱེས་ཤིང་ངེས་པ་རྙེད་འོང་། དེ་ནི་དམིགས་ཡུལ་གཅིག་ལ་མདུན་མཆོང་གི་སྤོབས་པ་དང་ཕན་ཚུན་ཡིད་ཆེས་ཀྱི་རྩ་བ་ཚུགས་པའི་སྒོ་ཆེན་ལྟ་བུར་གྱུར་བས། འདི་ནི་ཚོགས་ཆེན་འདིའི་གྲུབ་འབྲས་ཆེ་གྲས་ཤིག་ཡིན་ལ་བསྔགས་པར་འོས་པ་ཞིག་ཀྱང་ཡིན་སྟབས། ཚོགས་ཆེན་འདི་ངེས་པར་དུ་རྒྱུན་མཐུད་དགོས་པར་མཐོང་། བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་དང་བོད་རྒྱལ་ཁབ་ཀྱི་མ་འོངས་པའི་བདག་པོར་འབོད་པའི་བོད་རིགས་ན་གཞོན་ཚོ་གཞན་གྱིས་བཀོད་ཁྱབ་མེད་པར་བསམ་བློ་རང་དབང་དང་། དང་བླང་རང་བཞིན་གྱིས་འཛོམས་ཏེ་རྒྱལ་ཁབ་ཀྱི་མ་འོངས་པ་དང་།

སྐད་ཡིག་གི་ཚེ་སྲོག་མྱུར་སྐྱོབས་ཀྱི་གྲོས་བསྡུར་བྱེད་པ་ནི་ད་ལྟའི་བོད་ཀྱི་གནས་བབ་ལ་དཔག་པའི་ལས་འཆར་ཡག་ཤོས་ཤིག་རེད། དེས་ན་བདག་ཀྱང་བོད་རིགས་མཐོ་རིམ་སློབ་མའི་ཚོགས་བཅར་བ་ཞིག་ཡིན་པའི་ངོས་ནས་ཚོགས་ཐེངས་རྗེས་མ་ནས་འདི་ལས་ཡར་རྒྱས་དང་རྒྱུན་མཐུད་ཡོང་བའི་རེ་བ་དང་། འདི་ཉིད་བོད་རྒྱལ་ཁབ་ལ་དགོས་ངེས་ཀྱི་ལས་བྱ་ཞིག་ཏུ་མཐོང་ཞིང་། འདི་ཉིད་རྒྱལ་ཁབ་ཀྱི་བླ་སྲོག་འདེགས་པའི་མི་རབས་གསར་བའི་སྡིངས་ཆ་ཞིག་ཏུ་འགྱུར་བའི་རེ་བློས་སྤེལ་བའོ།།

ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༠ ས་རྭ་མཐོ་སློབ་ཏུ་བྲིས།