རྭ་རྒྱ་འཕྲིན་ལས།
ད་ཐེངས་ཡང་གླེང་སྟེགས་འདིའི་གོ་སྐབས་བཟུང་ནས་བསྐྱར་བཤད་ཐེངས་གཅིག་མི་བྱེད་ཀ་མེད་བྱུང༌། དེང་སྐབས་བོད་ཀྱི་སྤྱི་ཚོགས་ཁྲོད་གཞོན་སྐྱེས་མང་པོ་ཞིག་རང་གི་རིག་གཞུང་གི་ཆུ་ཚད་ཞན་ནའང་བོད་ཡིག་སློབ་སྦྱོང་བྱེད་མཁན་ཉིན་མོའི་སྐར་མ་ལྟར་ཆགས་འདུག ལེགས་པར་སོམས་དང་གྲོགས་པོ་ཚོ། ང་ཚོར་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་རང་མཚན་པ་ཞིག་དགོས་རྒྱུ་ཡིན་ན་བོད་རང་གི་རིག་གཞུང་སྦྱངས་དགོས་ལ། གལ་སྲིད་དུས་རབས་འདིའི་ནང་བོད་ཡིག་གི་དགོས་མཁོ་ཤོར་ཚེ་མི་རིགས་ཀྱི་དགོས་མཁོ་ཤོར་གྱི་ཡོད་ལ། མི་རིགས་ཀྱི་ངོ་བོ་རང་མཚན་པ་ཞིག་མེད་ཚེ། ང་ཚོ་རང་བཙན་ཐོབ་པས་ཅི་ལ་ཕན། ཁག་ཅིག་བོད་ཡིག་གི་རིན་ཐང་དེ་ཇ་ཁང་དང་མགྲོན་ཁང༌། ཡང་ན་འགྲུལ་བཞུད་སྐབས་དང་མི་རིགས་གཞན་ལ་གོ་བརྡ་སྤྲོད་ཐུབ་མིན་གྱི་ཆ་ནས་འབྱེད་ཀྱི་ཡོད་པ་འདྲ། དངོས་ཡོད་ཀྱི་བསམ་བློ་ཞིག་བཏང་ཚེ་བོད་ཡིག་གིས་བོད་རང་གི་ཚེ་སྲོག་སྲུང་ཐུབ་མིན་དང་མི་རིགས་རང་གི་ངོ་བོ་ཡུན་རིང་དུ་གནས་ཐུབ་མིན་གྱི་ཆ་ནས་བསམ་བློ་གཏོང་དགོས་པ་ཞིག་རེད། འོན་ཀྱང་ག་ས་གང་དུ་བོད་ཡིག་གི་རིན་ཐང་ནི་ཡུལ་གྱར་འགྲུལ་བཞུད་དང་ལས་ཀ་ཆུང་ཚག་གི་ཐད་ནས་གླེང་བ་ནི་ཆེས་ཐབས་སྡུག་ཅིག་དང་ཡི་མུག་པ་ཞིག་རེད། གལ་སྲིད་ང་ཚོས་རང་གི་རིག་གཞུང་སྦྱང་རྒྱུ་དེ་ཡང་ཡུལ་གྱར་འགྲུལ་བཞུད་དང་ལས་ཀ་ཆུང་ཚག་རིགས་གཉེར་རྒྱུའི་ཆེད་ཁོ་ན་ཡིན་ཚེ། ང་ཚོས་རིག་གཞུང་སྦྱོང་བ་ལ་དགོས་པ་ཆེར་མེད་ལ། ལྷག་པར་ཤེས་ཡོན་སྦྱངས་པའི་དམིགས་ཡུལ་ཡང་དེ་ལྟར་ཡིན་པས། འཇིག་རྟེན་འདིར་ཤེས་ཡོན་གྱི་དམིགས་ཡུལ་ཡང་ཆུང་བར་སྣང༌། དེང་སང་དྷ་ས་རུ་ཡོད་པའི་བོད་པའི་ཕོ་གསར་མོ་གསར་ཚོར་སྲང་ལམ་ནས་ཐུག་ཚེ་རྒྱབ་ལ་དཔེ་ཁུག་ཅིག་ཁུར་ནས་དབྱིན་ཡིག་འཛིན་གྲྭ་ལ་འགྲོ་ཡི་ཡོད་ཟེར། མི་འདི་ཚོའི་གྲས་སུ་བོད་ཡིག་གི་འཛིན་གྲྭར་འགྲོ་མཁན་མི་འདུག འདི་ལྟར་ཡུན་རིང་འགོར་ཚེ་བོད་མི་གཞོན་སྐྱེས་མང་པོ་ཞིག་བོད་ཡིག་མི་ཤེས་པའི་གཞོན་སྐྱེས་སུ་འགྱུར་རྒྱུ་གདོན་མི་ཟ་བས། ང་ཚོ་ལ་དངོས་གནས་མི་རིགས་ཤིག་དང་རྒྱལ་ཁབ་ཞིག་དགོས་ཚེ་ངེས་པར་དུ་བོད་ཡིག་གི་རིན་ཐང་དེ་གོང་ཚད་ཆེ་ཞིག་བརྒྱབ་ནས་སྦྱོང་དགོས་པ་ཆེས་གནད་འགག་ཅིག་ཏུ་འཁུམས་སོ།།
