བུད་མེད་ཀྱི་ཕུང་པོ་འདི།

དེ་མིན་ཕོ་གཞོན་ཞིག་ལའང་ཡུལ་མིས་མཉམ་རུབ་ཀྱིས་བཙན་གཡེམ་བྱས་རྗེས་ལུས་ལ་རྨས་སྐྱོན་ཚབ་ཆེན་ཕོག་སྟེ་སྨན་ཁང་དུ་སྨན་བཅོས་བྱས་རྗེས་ཕྱིར་འཁོར་ནས་སེམས་ལ་ཁོང་ཁྲོ་དང་ངོ་ཚ་གཅིག་ཅོག་གིས་མ་བཟོད་པར་རང་ཤི་བརྒྱབ་པ་རེད་ཟེར་བ་སོགས་ཀྱི་གནད་དོན་ཡང་བྱུང་ཡོད་པ་རེད།  ངན་སྤྱོད་ཀྱི་འབྱུང་ཁུངས་ཕོ་མོ་སུ་འདྲ་ཞིག་ཡིན་ཡང་གོང་གསལ་ནི་མིའི་གཟུངས་ཕུང་ལ་རྡོག་རོལ་བཏང་བའི་འགྲོ་བ་མིའི་ཐོབ་ཐང་གི་རྨང་གཞི་དང་འགལ་ཞིང། འདི་དག་ཡོངས་རྫོགས་ཀྱི་རྒྱབ་ལྗོངས་སུ་རང་རིགས་བཙན་བྱོལ་བར་རང་གི་བཅས་པའི་ཁྲིམས་གཞི་ཡོད་ཀྱང་དོན་དམ་ལག་བསྟར་བྱེད་པར་དཀའ་ཚེགས་ཡོད་པའི་གནས་སྟངས་འདི་དངོས་ར་འཕྲོད་ཡོད་པ་རེད། འོན་ཀྱང་ངས་འདིར་དེའི་སྐོར་ནས་བཤད་རྒྱུ་མིན་པར་སྐྱེས་ཕོ་མོ་གཉིས་ཀྱིས་བུད་མེད་ཀྱི་ཕུང་པོ་འདི་ལ་ལྟ་སྟངས་འཛིན་སྟངས་སྐོར་ཉུང་ཙམ་གླེང་འདོད་ཡོད།


དང་པོ།སྐྱེད་པས་མོའི་གཟུགས་ཕུང་ལ་ངོས་འཛིན་བྱེད་སྟངས་འགའ།


རྒྱུན་དུ་ཁེར་འདུག་བྱེད་དུས་སེམས་ནང་། སྐྱེས་པ་འདི་ཚོ་དངོས་གནས་ཁྱད་མཚར་བ་འདྲ་རེད།ཕོ་མོ་གཉིས་ལ་མིའི་གཟུགས་ཕུང་གྲུབ་པ་གཅིག་མཚུངས་ཡིན་ཞིང།འདོད་ཡོན་གྱི་ཕྱོགས་ནས་ཀྱང་གཅིག་མཚུངས་ཡིན་ཡང་ངེས་པར་དུ་མོ་ལུས་འདི་ཁོ་ནར་འདོད་ཆགས་ཀྱི་མ་རྩར་བསྒྱུར་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་ཡིན་ནམ་སྙམ་ཡོད།

སྤྱིར་ན་བུད་མེད་ཀྱི་གཟུགས་ཕུང་འདི་འགྲོ་བ་མིའི་རིགས་ཀྱི་འབྱུང་ཁུངས་དང། དེའི་འཕྲོས་ནས་རང་རིགས་ནང་པ་ཚོས་བརྗོད་གསལ་ལྟར་ན་བརྩེ་བ་ཀུན་གྱི་གཞི་འགྱུར་བྱམས་སེམས་ཅན་གྱི་ཨ་མ་ཞེས་དང།ཡ་རབ་སྤྱོད་བཟང་སེམས་ཀྱི་ཡིད་འཕྲོག་ལྷ་མོ་སོགས་བསྟོད་པའི་དུས་མཚུངས་སུ་བུད་མེད་དུག་གསུམ་གྱི་རྩ་བ་བཅས་སོགས་བསྟོད་དམད་ཀྱི་བརྗོད་གཞི་གཙོ་བོ་ནི་བུད་མེད་འགྲོ་བ་མི་ཡིན་པའི་ཆ་ནས་སེམས་བསམ་བློའི་སྐོར་མིན་པར་གཟུགས་ཕུང་འདི་ནག་ཉེས་ཀྱི་གཞི་རྩར་བསྒྱུར་འདུག་དེ་མིན་ཕོ་མོ་གཉིས་ལ་བསམ་བློའི་ཀུན་སྤྱོད་ཀྱི་ཆ་ལ་ལེགས་ཉེས་བཟོ་ཐུབ་པའི་ནུས་ཤུགས་ཆེ་ཆུང་ཙམ་ལས་བཟང་པོ་དང་གདུག་རྩུབ་ཆེ་ལུགས་ཀྱང་གཅིག་མཚུངས་ཡོད་པ་ནི་སྨྲོས་མ་དགོས་། དེས་ན་སྐྱེས་པ་ཚོས་བུད་མེད་ཀྱི་ལུས་གཟུགས་ལ་སྣ་ཚོགས་ལོག་ལྟ་འཛིན་པ་ནི་བུད་མེད་རང་ངོས་ཀྱིས་སོ་སོའི་གཟུགས་ཕུང་ལ་ངོས་འཛིན་བྱུང་བ་ལས་ཀྱང་རྙོགས་འཛིང་ཆེ་བ་ལྟར་སྣང།

སྐྱེས་པ་ཚོས་ཟེར་ན་བུད་མེད་ག་གེ་མོའི་སྐུ་གཟུགས་རྩ་རིས་སྨྱུག་མ་འདྲ་ཟེར་དུས་བུད་མེད་རྒྱག་ལུག་རྣམས་ལ་མཐོང་ཆུང་བྱས་པ་དང། དཀར་གསལ་ཟླ་བའི་ལྷ་མོ་ཟེར་དུས་ངོ་མདོག་ནག་སྨུག་ཅན་གྱི་བུད་མེད་ཚོའི་སེམས་ལ་ཕོག་སྟུག་འགྲོ་བ།མྱོས་པའི་འོ་འཛིན་འབུར་དུ་དོད་པའི་ཡིད་འཕྲོག་མ་ཟེར་དུས་ནུ་མ་ཆུང་བའི་བུ་མོ་རྣམས་བརྩིས་མེད་བཏང་ལུགས་དེ་དག་ནི་དངོས་གནས་དགོད་བྲོ་བ་འདྲ་རེད།  དེ་ཙམ་གྱིས་ག་ལ་ཚད་དེ། སྐྱེས་པ་ཚོས་ད་དུང་བུད་མེད་རྣམས་ལ་མཛེས་དཔྱོད་ཀྱི་སྒྲོམ་གཞི་བཀོད་བསྒྲིག་བྱས་པའི་ནང་བུད་མེད་ཀྱི་གཟུགས་ཕུང་གི་རིང་ཚད།  ཤ་རྐམ་པའི་ཚད་གཞི། མཐའ་ན་ངོ་བོའི་དབང་པོ་ལྔ་ལའང་དམིགས་དཔེའི་བཟོ་ལྟ་ཞིག་བཟོས་ཏེ་དེ་དག་ནི་བུད་མེད་མཛེས་མ་ཞིག་གི་ཁྱད་ཆོས་ཡང་དག་ཡིན་ལུགས་བརྗོད་ཀྱི་ཡོད།

དོན་དངོས་ཐོག་བུད་མེད་ཀྱི་གཟུགས་ཕུང་གི་དབྱིབས་དང་བཟོ་ལྟ་ནི་སྣ་ཚོགས་རེད་ལ་འདི་སྤྱི་བཤད་ལྟར་ན་དཀོན་མཆོག་དང་ཕ་མས་གནང་བ་ལས་བུད་མེད་རང་གིས་འདོད་དོན་ག་ལ་ཡིན། དེ་བས་ཚབ་ཆེ་བ་ཞིག་ནི་སྐྱེས་པ་འདི་ཚོས་བུད་མེད་ལ་མཛེས་མའི་དཔེ་དབྱིབས་གཅིག་བཟོས་རྗེས་བུད་མེད་རང་ངོས་ནས་ཀྱང་ངང་ངང་ཤུགས་ཀྱིས་དེ་དང་འདྲ་མཚུངས་ཡོང་ཕྱིར་ནུས་ཤུགས་ཡོད་རྒུ་བཏོན་བཞིན་པ་འདི་རེད། དེའི་སྐོར་ནུབ་ཕྱོགས་བུད་མེད་ཚོས་བྱ་སྤྱོད་ནི་སྨྱོ་ལ་ཉེ་བའི་ཚད་དུ་སླེབས་འདུག་དཔེར་ན་གཟུགས་ཕུང་གི་རིང་ཚད་དེར་སླེབས་ཕྱིར་དོན་དམ་ལུས་ལ་གནོད་པའི་རྡུལ་རྫས་ཀྱི་གྲུབ་པའི་སྨན་སྣ་ཚོགས་སྤྱོད་པ། འོ་འཛིན་འབུར་དུ་དོད་ཕྱིར་སྨན་པས་གཤེན་གྲི་ལྟ་བུའི་འོག་ནས་ཐེངས་འགར་གཤག་བཅོས་བྱས་ཏེ་ལུས་སེམས་གཉིས་ལ་བསམ་གྱི་མི་ཁྱབ་པའི་སྡུག་བསྔལ་ལ་བཟོད་སྒོམ་བྱས་ནས་བསྡད་འདོད་པའི་བློ་ཁོག་དེ་འདྲར་བསྐྱེད་དུས་བུད་མེད་རང་གིས་རང་ལ་ལྟ་དུས་ཀྱང་ངུ་བྲོ་བའི་ཚད་དུ་སླེབས་འདུག་སྙམ་ཡོད།

དེ་མིན་སྐྱེས་པ་ཚོས་ད་དུང་རང་སེམས་ཀྱི་འདོད་རྔམ་ཁོ་ནའི་ཆེད་དུ་བུད་མེད་ཚོར་སྣ་ཚོགས་ཀྱི་གཞོགས་འདེགས་ཐུབ་པའི་ནུས་པ་ཞིག་གསོ་སྐྱོང་བྱེད་དུ་བཅུག་པ་མ་ཟད། གཙོ་བོ་ཤར་གླིང་ཡུལ་གྲུ་ཁག་ཏུ་བུད་མེད་ཚོ་རང་གི་འདོད་དོན་དངོས་མིན་བསམ་མེད་སྒོ་ཟོག་དང་དུད་འགྲོ་ལྟ་བུར་བསྒྱུར་རྗེས་ཁོ་ཚོའི་ངོ་ལ་ཡིད་ཚིམས་པའི་ལྐོགས་འགྱུར་གྱི་ཁོང་དགོད་ཅིག་ཤོར་བཞིན་ཡོད་པར་གཞན་གྱི་ཟེར་སྒྲོས་རྗེས་འབྲངས་ཀྱི་བུད་མེད་འདི་དག་གིས་ག་ལ་ཤེས།


གཉིས་པ།བུད་མེད་རང་གིས་ཕུང་པོར་ངོས་འཛིན་བྱེད་སྟངས འགའ།


ཡང་བུད་མེད་ལ་ལས་མཛའ་བོའི་མིག་ནང་མཛེས་པའི་ཡིད་འཕྲོག་ལྷ་མོའི་གཟུགས་ཕུང་དེ་ལྟར་ཡོང་ཕྱིར་ལྕགས་དང་རྒྱུག་པས་གྲུབ་པའི་འོ་འཛིན་གྱི་དབྱིབས་མཛེས་ཟེར་བར་གྲུབ་ཕྱིར་འོ་མ་བཙིར་ནས་རང་གི་ལུས་ཕུང་ལ་སྒོ་ལྕགས་ལྟ་བུ་རྒྱུན་དུ་བརྒྱབ་ནས་ཡོད་པ་དེའང་སེམས་ལ་དཀའ་ངལ་ཐོལ་པ་ཞིག་ཅི་ལ་མིན།

འོན་ཀྱང་ནུབ་ཕྱོགས་པར་མོ་མཆོག་རིང་ལུགས་སམ་བུད་མེད་ཀྱི་ཐོབ་ཐང་བརྩོན་མཁན་འགས་བུད་མེད་ཚོ་རང་གི་ལུགས་མཐུན་གྱི་འཚོ་སྟངས་རང་གིས་གདམ་ཁ་རྒྱག་དགོས་པ་ལས་སྐྱེས་པའམ་ཡང་ན་བུད་མེད་གཞན་གྱི་ཟེར་སྒྲོས་སུ་འབྲང་བ་དེ་ནི་གཞན་གྱི་བཀོད་ཇུས་དང་བྲན་དུ་ཚུད་པར་འདོད་ཅིང།  ཕུལ་བྱུང་མ་འགས་མཐའ་ན་འོ་མ་བསྡམ་བྱེད་ཀྱི་འོ་རས་བེད་སྤྱོད་མ་བྱས་པར་འོ་མ་རང་བཞིན་གྱི་འཚར་འཕེལ་ཡོང་བཅུག་པ་དང།ཕོ་བཟོ་དོད་ཅིང་ཡངས་པའི་རྩ་ཐང་དུ་རྟ་རྒྱུག་ལ་བྱང་ཆུབ་པ་དེ་འདྲའང་ཡོད།  དེ་དག་གིས་བུད་མེད་ཚོས་རང་གི་སེམས་ལ་རང་དབང་དགོས་ན་ཐོག་མའི་དུས་ནས་རང་གི་ལུས་སེམས་གཉིས་སོ་སོར་དབང་དགོས་པའི་སྐོར་བརྗོད་པ་ལས་།  རང་གི་ལུས་སེམས་གཉིས་གཞན་གྱི་བཀོད་ཇུས་འོག་གནས་དགོས་ལུགས་ཤིག་བཤད་པར་ངས་ངོས་འཛིན་མི་བྱེད།

འོ་ན་སྐྱེས་པ་ཚོས་བུད་མེད་བཟོ་ལྟ་གང་འདྲ་ཞིག་ལ་དགའ་མིན་དང། བུད་མེད་སུ་འདྲ་ཞིག་ལ་སྐྱེས་པ་ཚོས་སྐྱག་དོང་ནང་གི་འབུ་ནག་ཚོགས་དང་འདྲ་བས་མཉམ་རུབ་བྱེད་མིན་དེ་ནི་བུད་མེད་མང་ཆེར་གྱིས་དུས་ཚོད་འཕྲོག་བརླག་གཏོང་བྱེད་ལྟ་བུར་དམ་འཛིན་དགོས་པའི་ཕྱོགས་མ་ཡིན་པར།  བུད་མེད་སུ་འདྲ་ཞིག་ཡིན་ཡང་རང་ངོས་ཀྱི་ཐོག་མའི་འདོད་དོན་དངོས་བཞིན་ལུས་སེམས་གཉིས་ཀྱི་ལུགས་བཟང་དང་དམིགས་བསལ་ཁྱད་ཆོས་རྣམས་ཕྱིར་བཏོན་ནས་སྒེར་དང་སྤྱི་ཚོགས་ལ་ཕན་བདེ་དང་གྲུབ་འབྲས་བཞག་གང་ཐུབ་བྱེད་པ་ནི་ཤེས་རབ་རང་བཞིན་མོའི་དོན་གོ་ཆོད་པ་རེད།  དེ་མིན་བུད་མེད་མདོག་ཉེས་གཅིག་གིས་མི་ཚེའི་དུས་ཚོད་མང་ཆེར་སྐྱེས་པ་ཚོས་བཀོད་ཇུས་བྱས་པའི་མོ་གཟུགས་གཅིག་ལ་ཧུར་བརྩོན་ཇི་ཙམ་བྱས་ཀྱང་དེ་ནི་སོ་སོས་རང་གྲུབ་པ་མིན་ལ།གཞན་གྱིས་ཐད་ཀར་མ་བཟོས་པའི་འདྲ་སྐུ་ཙམ་གྱི་ཆེད་དུ་རང་ངོས་ཀྱི་རིན་ཐང་ཆེ་བའི་མི་ཚེ་འཕྲོག་བརླག་བཏང་བ་མ་ཡིན་ནམ། དེ་བས་བུ་མོ་མདོག་ཉེས་ཁྱེད་ལའང་གཞན་གྱིས་དགའ་མགུ་ཡིད་རང་དགོས་པའི་ཕྱོགས་མང་བས་ཡིན་གཅིག་སྐྱེས་པ་ཁོ་ནས་ངོས་འཛིན་བྱས་པའི་ཁྱེད་ཀྱི་མཛེས་པ་ཟེར་བ་དེ་འདྲ་མཐོང་ག་ལ་དགོས།  ཁྱེད་ཀྱི་ཕ་མ་དང། སྤུན་མཆེད།གྲོགས་ཕོ་མོ་གཞན་དང་། མཐའ་ན་རང་གིས་རང་ལ་བརྩི་འཇོག་དང་རང་གིས་མཛེས་པ་མཐོང་ཐུབ་པ་བྱེད་དགོས།

དེ་ལྟར་བུད་མེད་རྣམས་ཐོག་མའི་དུས་ནས་གཞན་གྱི་བཀོད་ཇུས་འོག་གནས་འདོད་མེད་ན་གཞན་ཕོ་མོ་སུ་ཡིན་ཡང་དེ་དག་གི་ཟེར་སྒྲོས་ཁོ་ནར་རྗེས་སུ་འབྲངས་རྒྱུ་མ་ཡིན་པར་རང་གིས་རང་ལ་ནུས་ཤུགས་དང་སྤོབས་པ་།  ཤེས་རབ་དང་འཇོན་ནུས་བསྐྲུན་དགོས་ལ།རང་གི་རང་ལ་ངེས་པར་དོན་དམ་གྱི་བདེ་སྐྱིད་ཀྱི་མ་རྩ་ཞིག་བསྐྲུན་ཐབས་བྱ་དགོས།


གསུམ་པ།ཤེས་རབ་རང་བཞིན་མོ།

ཤར་གླིང་ཡུལ་གྲུ་ཁག་ཏུ་བུད་མེད་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པའི་ལོ་རྒྱུས་མང།  འོན་ཀྱང་དུས་མཚུངས་སུ་བུད་མེད་རང་ངོས་ནས་འདི་དང་གན་བྱེད་ན་རང་གཞན་གཉིས་ལ་ཕན་པར་ངེས་པའི་རིག་པའི་གཞུང་ལུགས་ཤིག་ད་བར་ངའི་མཐོང་ལམ་དུ་མངོན་འགྱུར་མ་བྱུང།  དེའང་ཡིན་ཏེ་སྤྱང་གྲུང་འཛོམས་མིན་འདི་སུ་ལ་ཁེ་བཟང་རག་མིན་གྱིས་ཚད་གཞིར་མཇལ་མི་ནུས་སྙམ།  ཁེ་བཟང་དང་གྲུབ་འབྲས་ཐོན་མིན་འདི་ལ་ཡོངས་རྫོགས་བཟང་ཆ་དང་ཆ་ཚང་ངན་ཆ་དུ་གྲུབ་པ་ཞིག་ཉིན་མོའི་སྐར་མ་བཞིན་ཡིན་ཡང་།  ཉུང་མཐར་དུས་བསྟུན་ཁོར་ཡུག་ལ་དཔག་པའི་རང་གཞན་ལ་ཁེ་ཕན་ཡོང་ཐབས་དང།  དེ་ནས་ཉུང་མཐའ་ཡང་རང་གཞན་གཉིས་ལ་ཕན་པ་ཞིག་ཡོང་ཐབས་ལ་བརྩོན་པ་ནི་དངོས་བདེན་གྱི་ཤེས་རབ་དང་བློ་གྲོས་ཤིག་རེད།

དེ་མིན་བྱ་བ་ཐམས་ཅད་བསམ་ཐོག་རྟ་རྒྱུག་ལྟ་བུ་མིན་ཡང་རང་ལ་ཕན་རྒྱུ་བཞག་སྟེ་རང་གཞན་སུ་ལའང་ཕན་མེད་ཀྱི་ལོག་ལམ་དང་ངོ་ཚ་འཕྲལ་མེད་ཀྱི་བྱ་བར་སྨྱོ་ཧམ་གྱིས་འཇུག་ཐབས་བྱེད་པ་ནི་བུད་མེད་ཀྱི་རང་གཤིས་ལ་རྒོལ་བ་ཡིན་ལ།  མི་གཤིས་ཀྱི་ཀུན་སྤྱོད་དང་འགལ་བའང་ཡིན།  དེ་ཡང་བྱམས་བརྩེ་དང་གཤིས་འཇམ།དྲོད་སྐྱིད་ལྡན་པའི་གཞི་མ་དེ་དག་གི་འབྱུང་ཁུངས་ཀྱང་ངེས་པར་དུ་དྲང་ཚུགས་དང་བཟང་པོའི་མ་རྩ་ཞིག་དགོས་པ་ལས།གཞན་གྱི་ཟེར་འགྲོས་ལ་དགའ་སྣང་ཆེ་ཞིང།  དུས་ཡུན་གྱི་བདེ་འདོད་ལ་ལངས་ཤོར་བཏང་ནས་ཕུགས་ཀྱི་བདེ་སྐྱིད་བརླག་ཉེན་ཆེ།  ཕྱི་ཚུལ་ནས་བལྟས་ན་ཡིན་མདོག་འདྲ་མངོན་ཡང་དོན་དམ་ལ་ཉམས་ཡོང་དུས་དེ་ནི་ལུས་སེམས་གཉིས་ལ་གནོད་བྱེད་ཕྱིར་མི་མངོན་པའི་གཤེན་གྲི་ཞིག་ལ་ངེས་ཤེས་རྙེད་དགོས་ཀྱི་རེད།

བུད་མེད་ཚོས་སྐབས་ཐོག་གི་ལས་དོན་ལ་ཉམས་སུ་མྱོང་དུས་ཤེས་རབ་ཀྱི་རྩལ་དང་ལྡན་པའི་ཐོག་ནས་མིའི་རིགས་ལ་གནོད་བྱེད་ཀྱི་དུག་རྩ་ཡོངས་ལྷུན་པོ་ལྟ་བུའི་ཚད་ནས་ཕུང་པོ་ལྟར་བསྒྱུར་ཞིང།  ཕུང་པོའི་ཚད་ལས་རྩ་མེད་དུ་བཟོ་ཐབས་སུ་དོན་དམ་གྱི་ཐབས་ལམ་འཚོལ་དགོས་པ་དང།  དེ་ལྟར་མ་བྱུང་ཡང་ཉུང་མཐར་གདུག་རྩུབ་ཀྱི་དུག་རྩ་དེ་དག་གིས་རང་གཞན་སུ་ལའང་གནོན་ཐབས་དང་གཞོགས་འདེགས་རིགས་བྱེད་མི་ཉེན་པའི་བློ་གྲོས་བསྐྱེད་དགོས།

གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་ན།  ཁྱོད་ཀྱིས་རང་ལ་ངེས་ཤེས་གཅིག་རྙེད་ཐབས་བྱེད་བཞིན་པ་ཡིན་ནམ།སྤྱིའི་ཆ་ནས་བུད་མེད་ཚོར་ལུས་ཕུང་གི་ནུས་པ་སྐྱེས་པ་ལས་ཞེན་པ་ཤེས་ཀྱང།  བུད་མེད་ཚོའི་སེམས་ཀྱི་དཔའ་ངར་གཞན་ལས་ལྷག་པར་ཡོད་པར་འདོད།  ཁོར་ཡུག་གང་འདྲ་ཞིག་ཏུ་གནས་ཀྱང་།བུད་མེད།  ཁྱོད་ནི་ཁུལ་དེའི་འགྲོ་བ་མིའི་རིགས་ལ་བཟང་པོའི་མཛེས་སྡུག་དང་ཡིད་འོངས་ཀྱི་དྲང་བདེན་སྐྲུན་མཁན་ཞིག་ཡོང་བར་ཤོག

བུད་མེད་ཚོ།  ཁྱོད་ནི་མིའི་རིགས་ལ་དོན་མེད་ཀྱི་ངལ་བ་སྦྱིན་མཁན་དང།གཞན་གྱི་གདུག་རྩུབ་དང་སྐྱུག་བྲོ་བའི་ཀུན་སྤྱོད་ལ་གཞོགས་འདེགས་བྱེད་མཁན་ཞིག་བྱ་ག་ལ་རུང་།  བུད་མེད་ཚོ།འཇིག་རྟེན་མིའི་རིགས་ལ་བདེ་སྐྱིད་ཀྱི་སེམས་ཚོར་སྦྱིན་མཁན་ཡིན་དགོས་ན།  ཤེས་རབ་དང་བློ་གྲོས་ཀྱི་ཐབས་ལ་མང་ཙམ་འབད་པར་རིག