ས་མཐའ་ཡི་སྐྱོ་སྣང་།

བཅུ་ཕྲག་རིག་གཞུང་འོ་མཚོ་སྒོ་མོ་དེ་མ་ཕྱེས།།

ཚན་རྩལ་རིག་པའི་བང་མཛོད་སྡེ་མིག་དེ་མ་རྙེད།།

ལེ་ལོ་བག་འཁུམས་ངང་ནས་དུས་ཡུན་འདི་ཟད་སོང་།།

ཚུལ་འདི་བསམ་ན་དབང་མེད་སྐྱོ་བ་ཞིག་སླེབས་བྱུང་།།

 

གཞན་ཕན་མཉམ་སྒྲུབ་ཐུག་པའི་འཚོ་རྟེན་ཞིག་མ་རེག།

ཚེ་འདིར་གདེང་ཚོད་མེད་པའི་ལམ་ཆེན་འདི་ཀྱག་ཀྱོག།

མི་ཚེའི་གསང་བ་བཅོལ་སའི་སེམས་མཐུན་ཞིག་མ་མཐོང་།།

མི་ཚེ་ཕྱེད་ཀ་རྫོགས་པ་ཅི་འདྲ་ཞིག་སྐྱོ་ཨང་།།

 

མི་ཚེ་རྟག་པ་མེད་པ་འཇའ་ཚོན་གྱི་རི་མོ།།

གཞན་ལ་གཏད་ས་མེད་པ་ལ་ཁ་ཡི་དར་ལྕོག

ལམ་སྟོན་ཕ་མར་བྲལ་བའི་དྲན་གདུང་གི་རྨ་ཁ།།

སྐྱོ་སྣང་འཛད་ཐབས་མེད་པའི་ས་མཐའ་ཡི་ལས་དབང་།།

 

ང་ཡིས་འཚོ་བ་གསལ་གྱི་བཙན་བྱོལ་གྱི་གྲོང་ན།།

འབྱོར་ཕྱུག་དཔལ་ཡོད་མེད་ན་མི་གྲལ་ཏུ་ཚུད་དཀའ།།

སྐྱབས་དང་འཛིན་མཁན་མེད་ན་སྐད་ཆ་ལ་རིན་མེད།།

ལས་དང་རྒྱུ་འབྲས་ཟེར་བ་ས་ཆ་འདིར་བྲལ་འདུག།

 

 

ལུང་མཚན་དབྱེ་ཁྱད་འཛིན་མཁན་གང་ཟག་འགའི་ལྟ་བ།།

ཁེ་གྲགས་ཁོག་ལ་ཁེངས་ཀྱང་གྲལ་མགོ་ལའི་ཧམ་ཡུ།།

ཁ་འཇམ་ཁོག་ནག་འཛིན་ནས་མི་རིགས་ལ་དབྱེ་ཁྱད།།

འདི་འདྲ་མི་དེ་མཐོང་དུས་ཡིད་འབྱུང་ཞིག་སྐྱེ་བྱུང་།།

 

དལ་འབྱོར་རྙེད་པ་དཀའ་བའི་མི་ལུས་འདི་ཐོབ་ཀྱང་།།

རང་སེམས་རང་གིས་བཀུག་ནས་མཛེས་སྡུག་ཞིག་བསྐྲུན་དང་།།

རང་ལུས་དངུས་དང་བརྗེ་ན་སྙིང་པོ་ཞིག་ཨེ་འདུག།

འདི་ཚོ་མཐོང་བ་ཙམ་གྱི་འཇིགས་སྐྲག་གིས་ཁེངས་སོང་།།

 

རྒྱུ་དགའ་ཆགས་སེམས་ཆེ་བའི་སྐྱེ་བོ་འགའི་བྱ་བ།།

ཡག་སྡུག་མི་ཤེས་སྐྲ་སེར་ཕ་མ་ལས་བཀུར་བ།།

ངོ་ཚ་ཁྲིལ་མེད་དབྱེན་མོའི་འཕོངས་གཡོག་ཞིག་བྱེད་སོང་།།

བཟང་ངན་དབྱེ་བ་མི་སྟེར་ངང་ཚུལ་འདི་སྐྱོ་བྱུང་།།

 

རང་དབང་ཞི་བདེ་ཡོད་པའི་མི་རིགས་ཞིག་མཐོང་དུས།།

དབང་མེད་བཙན་འོག་ཡོད་པའི་སྤུན་མཆེད་དེ་བསམ་ནས།།

གཏོལ་མེད་སེམས་ཀྱི་ཞི་དལ་རང་སེམས་ལས་བྲལ་ནས།།

སེམས་ཀྱི་རྟ་ཕོ་ངུ་ངག་ལན་གསུམ་གྱིས་སྒྲོག་སོང།།

 

སྐྱོ་སྡུག་འཁྱམས་པོའི་གཏམ་ལ་སྙན་པོ་ཞིག་མེད་ཀྱང་།།

དངོས་སུ་རང་ཉམས་འདི་ཚོ་རྗེས་དྲན་གྱི་སྐྱོ་གླུ།།

ཆ་རྒྱུས་གང་ལ་མེད་པའི་གཞན་གྲོང་གི་ཡུལ་དུ།།

མི་རྐྱང་འཁྱམ་པོ་དངོས་དོན་མཐོང་ཐོས་ཀྱིས་བླངས་སོ།

༢༠༡༡/༩/༥་ནས་བྲིས།