ལྔ་བརྒྱ་པ་ཕྲག་བཅུ།
དང་པོ་སངས་རྒྱས་རང་ཉིད་ཀྱི་ཞལ་ནས་སངས་རྒྱས་ཀྱི་བསྟན་པ་འདི་གནས་ཡུན་ནི་ལྔ་བརྒྱ་པ་ཕྲག་བཅུ་ཡི་དུས་རིང་དུ་གནས་པར་གསུངས་ཡོད་པར་རང་རེའི་གཞུང་ལུགས་དག་ཏུ་གསལ་པོ་ཡོད།ལྔ་བརྒ་པ་ཕྲག་བཅུ་ཟེར་ན།མི་ལོ་ལྔ་བརྒྱའི་ཚན་པ་བཅུ་ལ་ལྔ་བརྒྱ་པ་ཕྲག་བཅུ་ཟེར་བ་ཡིན་མདོར་ན་མི་ལོ་སྟོང་ཕྲག་ལྔ་རིང་སངས་རྒྱས་ཀྱི་བསྟན་པ་འདི་གནས་ཐུབ་པར་གསུངས་པ་ཡིན།
ད་ལྟ་ནི་ཡོངས་གྲགས་སུ་སངས་རྒྱས་ཀྱི་བསྟན་པ་དར་ནས་ལོ་ཉིས་སྟོང་ལྔ་བརྒྱ་སོང་བར་བཤད་བཞིན་པས་དེ་རིང་ནས་ཡར་དེད་པའི་ལོ་ཉིས་སྟོང་ལྔ་བརྒྱ་བརྒལ་ཙམ་ན་དེ་རིང་དང་འདྲ་བའི་ཉིན་མོ་འདིར་སངས་རྒྱས་ཉིད་ཀྱིས་གཅིག་བྱས་ན་ཡུལ་ཝ་ར་ན་སིར་བདེན་བཞི་ཆོས་ཀྱི་འཁོར་ལོ་བསྐོར་ཟིན་ཙམ་ཡིན་ཆོག་གིན་རེད།ཀློང་ཆེན་རབ་འབྱམ་པའི་ཆོས་འབྷྱུང་ནང་བདེན་བཞི་ཆོས་འཁོར་མ་བསྐོར་སྔོན་སངས་རྒྱས་ཀྱིས་མདོ་ཚན་གཞན་ཁ་ཤས་གསུངས་ཡོད་པར་བཀོད་ཡོད་པ་དང་།བདེན་བཞི་ཆོས་འཁོར་བསྐོར་ནས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བར་དུ་མི་ལོ་སུམ་ཅུ་སོ་གྲངས་ཞིག་བཞུགས་ཡོད་པར་གསུངས་ཡོད་དེ་འཕྲོས་བཤད་འདྲ་ཆག་སོང་།དེ་ནང་བཞིན་བདེན་བཞིའི་འཁོར་ལོ་བསྐོར་སའི་ལྔ་སྡེ་དེ་ཆོས་ལུགས་ཀུན་ཏུ་རྒུ་ཟེར་བའི་ཆོས་ལུགས་ཤིག་ཡིན་པར་བཀོད་ཡོད།དེ་ཡང་འཕྲོས་བཤད་འདྲ་ཤོར་སོང་བས།བཤད་འདོད་པ་ནི་སངས་རྒྱས་རང་ཉིད་ཀྱི་དགོངས་བཞིན་པའི་ཆོས་སམ་བལྟ་ཚུལ་དེ་མི་ཡི་སྤྱི་ཚོགས་ནང་སྤེལ་བའི་སྐབས་དགོངས་ཚུལ་ཟབ་མོ་དག་ནམ་མཁའ་ནས་ཐོག་བབས་པ་ལྟར་དུ་སྤེལ་བ་མིན་པས་མི་ཡི་སྤྱི་ཚོགས་ནང་ཇི་ཙམ་གྱི་བློས་ཆུན་པ་དེ་ཚོད་རིམ་པར་གནས་ལུགས་ཟབ་པ་ཕྲ་བའི་གཟིགས་ཚུལ་དག་གསུངས་ཡོད་པ་ནི་ལྟ་བ་ལ་ཕྲ་རགས་སོགས་འདི་ལྟར་བྱུང་བར་ང་ཚོས་བཤད་བཞིན་ཡོད།་དེ་དང་ལྷན་དུ་ཡུལ་སྲོལ་གོམ་གཤིས་དང་སྤྱི་ཚོགས་སུ་གདོད་མའི་ཆོས་ལུགས་གང་བྲིན་པ་དང་མོས་པ་ཆེ་བ་དེ་དང་སྦྱར་ནས་གསུངས་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད།ཆོས་ལུགས་ནས་བཤད་པའི་སངས་རྒྱས་ཀྱི་སྐུ་ཆེ་བའི་ཡོད་ཏན་དང་སྟོབས་དང་རྫུ་འཕྲུལ་སོགས་ཅུང་བག་ལ་ཉལ་ཚུལ་དུ་བཞག་ནས་མི་ཡང་ནང་ནས་ཐབས་རྒྱ་བྱུས་སྟོང་ལ་མཁས་པ་ཞིག་གི་ཚོད་དུ་བྱས་ནས་བཤད་ནའང་རང་གི་འདོད་ཚུལ་གསར་པ་ཞིག་སྤེལ་བའི་དབང་དུ་བྱས་ཚེ་ཡུལ་སྼོལ་གོམས་གཤིས་ལ་སོགས་དང་སྦྱར་ནས་བཤད་དགོས་པ་ནི་རང་གི་འདོད་ཚུལ་དེ་བྲིན་པའི་ཐབས་ལམ་ཉག་གཅིག་ཏུ་མཐོང་ཚོད་རེད།དེས་ན་སངས་རྒྱས་རང་ཉིད་ཀྱིས་རང་ཉིད་ཀྱི་ཆོས་ལུགས་དང་གཞན་རང་ལུགས་ལས་ཕྱི་རོལ་ཏུ་གྱུར་པའི་ཆོས་ལུགས་གཞན་དེ་ཚོ་དང་ཁྱེད་པར་འབྱེད་བྱེད་ནི་སྐྱབས་འགྲོ་གསུངས་ཡོད་པས་བྱ་ལུགས་བྱེད་ལུགས་སོགས་མང་པོ་ཞིག་འདྲེས་ནའང་དོན་དུ་གོ་ར་ལྟ་བུ་འགོག་སྼུང་ཀྱི་ཐབས་ལམ་ཉག་ཅིག་ནི་སྐབས་འགྲོ་གསུངས་ཡོད།དེ་ནས་རིམ་པར་ནང་བསྟན་ཆོས་ལུགས་དར་ཁྱབ་ཡུལ་རྒྱ་གར་དང་ཉེ་བའི་རྒལ་ཁབ་དག་ཏུ་རིམ་དར་བུྱང་ཞིང་དམ་ཆོས་འདུལ་བ་ནས་བཤད་པའི་དགེ་འདུན་པའི་ཁྲིམས་ལུགས་འདི་ཆོག་དང་འདི་མི་ཆོག་ཟེར་བའི་བཅས་པ་ནི།ཡུལ་རྒྱ་གར་དང་ས་བབས་གནམ་གཤིས་མཚུངས་པའི་སྦར་མ་ཤྲི་ལང་ཀ་ཐེ་ལེན་ད་སོགས་སུ་ད་ལྟ་ཡང་༧གོང་ས་མཆོག་ནས་བསྔགས་བརྗོད་ཞུ་བ་བཞིན་དུ་ཕྱི་ཡི་ཀུན་སྤྱོད་ཀྱི་ཆ་སོགས་ལེགས་པོ་གནས་ཡོད་ཚོད་རེད།འདི་དག་ནི་ས་བབས་གནམ་གཤིས་སོགས་ཀྱི་རྐྱེན་པས་དམ་ཆོས་འདུལ་བ་ནས་བཤད་པ་ལྟར་ཕྱི་ཀུན་སྤྱོད་ཀྱི་ཐོག་ནས་ལག་ལེན་བཀལ་ན་སྟབས་བདེ་པོ་ཡོད་ཚོད་རེད་།དཔེར་ན་ཚ་བ་ཆེ་བ་དང་ས་བབས་འཇམ་པ་སོགས་ཀྱི་འདུལ་བ་ནས་བཤད་པའི་ཆས་གོས་གྱོན་སྟངས་བསོད་སྙོམ་དུ་གཤེགས་སྟངས་ཡན་ཆད་ལག་ལེན་བཀལ་ན་བདེ་ཚོད་རེད།
ད་ང་ཚོ་བོད་དུ་ཐོག་མ་འགོ་བཙུགས་པ་ནི་བཙན་པོ་རྙ་ཁྲི་སྐབས་ནས་དར་བ་བཤད་པ་དང་དེ་ནས་ཆོས་རྒལ་སྲོང་བཙན་དེ་ནས་མངའ་བདག་ཁྲི་རལ་པ་སོགས་ཀྱི་སྐབས་སུ་དང་ལྷག་པར་མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་སུ་སྤྱིར་ཆོས་བྱེད་མི་སྣ་ལ་ཆེ་མཐོང་དང་ལྷག་པར་དགེ་འདུན་པ་ལ་གུས་ཞབས་ཆེ་མཐོང་ལ་བལྟས་ན་དགེ་འདུན་འདུ་ཚོགས་མང་པོའི་འགོ་ཚུགས་ཡོད་ཚོད་རེད་སྙམ།རྒྱལ་རབས་ནང་དུ་ཁོང་གི་དགེ་འདུན་པ་རེ་ལ་འཚོ་བ་བསོད་སྙོམ་ཆེད་དུ་ཁྱིམ་ཚང་བདུན་རེ་གཏན་འབེབས་བྱས་པའི་ལོ་རྒྱུས་ཡོད།བོད་ནི་དུས་བཞི་གནམ་གཤིས་འགྱུར་བ་ཆེ་ལ་ས་བབས་ནི་རི་བོ་གནམ་འདེགས་ཀྱི་ཀ་བ་ལྟ་བུ་འཕྲང་ཞིང་དོག་ལ་།ས་ཆ་ལ་ལར་རྩུབ་ཅིང་ཆུ་ཀླུང་གྲོང་རོང་ཅན།ལ་ལར་ཆུ་བོ་ཆེན་པོ་དག་གིས་མི་དང་སེམས་ཅན་ཕར་ཞོག་གཤོག་ལྡན་འདབ་ཆག་ཡིན་རུང་འཕུར་དཀའི་ཚོད་དུ་ཡོད་པའི་ཉེར་ལེན་ལ་རྟེན་ནས་དམ་ཆོས་འདུལ་བ་ནས་བཤད་པའི་ཕྱི་ཀུན་སྤྱོད་ཀྱི་ཆས་ལུགས་ནི་ཆ་ཚང་བ་ཞིག་ལག་ལེན་ལ་བཀལ་དགོས་ཚེ་ཧ་ཅང་དཀའ་བའི་ཚོད་དུ་རེད།དཔེར་ན་དགེ་འདུན་མང་པོ་བསོད་སྙོམ་ལ་ཕེབས་པའི་དབང་དུ་བཏང་ནས་།བ་གླང་ཁྱུ་ཡི་ཐོག་མར་ཁྱུ་མཆོག་བཞིན་ཞེས་གསུངས་པ་ལྟར་དགེ་འདུན་པ་གཙོ་གྲས་ཞིག་གི་འདུན་བསུས་ནས་ཕེབས་ཚེ་རི་བོ་ཆུ་ཀླུང་དག་གིས་བར་མཚམས་ཆོད་ཅིང་ཕྱོགས་ནས་ཕྱོགས་སུ་རྒྱུ་བའི་བར་ཐག་སོགས་ཀྱིས་དཀའ་ཚེག་ཆེ་བར་བསྟེན་ནས་བསོད་སྙོམ་ཕེབས་པའི་ལམ་ལུགས་ཆེན་པོ་དར་ཐུབ་མེད་ཚོད་རེད།དེ་བཞིན་ང་ཚོ་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་འདུན་པའི་ན་བཟའ་ཡང་གནམ་གཤིས་ལ་དཔག་པའི་བཟོ་སྟངས་དང་གྱོན་སྟངས་ཞིག་ཡོད་དགོས་ཚོད་རེད་ལ་ཕྱོགས་གཞན་ཞིག་ནས་གདོད་མའི་ཆོས་ལུགས་བོན་ལུགས་ལ་གཞི་བཅོལ་ནས་འདུལ་བའི་ཕྱག་ལེན་དང་སྦྱར་ནས་གནང་ཡོད་མདོགས་ཁག་པོ་རེད།གང་ལྟར་ན་ཕྱི་ཀུན་སྤྱོད་ཀྱི་བཅས་མཚམས་མང་པོ་ཞིག་ཡུལ་དབུས་ལྟར་དུ་དར་མེད་པ་ནི་ཡུལ་གོམས་གཤིས་ལུགས་ས་བབས་གནམ་གཤིས་སོགས་ཆ་ཚང་ལ་ལྟོས་ནས་ཁས་ལེན་དགོས་པ་དང་ལག་ལེན་ལ་ལྟར་དགོས་པའི་གནས་དོན་ཞིག་ཡིན་པས་ས་མཚམས་ཞིག་ཡོད་ཚོད་རེད།ལམ་ལུགས་གཞན་ཞིག་ནི་དགེ་འདུན་པའི་ཚོགས་འཚོག་ནས་འཚོ་བ་ཞུ་སྟངས་ཐོག་སྔོན་གྱི་དུས་རབས་མཁས་པའི་མཛད་སྤྱོད་ཞིག་ཡིན་ལ་དེ་ཡང་ཁ་དཔེར།ཚིག་བཟང་པོ་ཞལ་ནས་གསུངས།དོན་བཟང་པོ་ཡིད་ལ་སྒོམ།ཟེར་བ་ལྟར་སྔོན་གྱི་དུ་སུ་ལམ་ལུགས་ཚད་ལྡན་དང་དེ་ཇི་བཞིན་ལག་ལེན་ལ་འཁྱོལ་བའི་གནས་སྐབས་ཤིག་ཡིན།གྲ་རྒྱག་ཁ་ནས་གཏམ་རྒྱག་ཟེར་བ་ལྟར་གྲ་པ་ཁ་འཚར་བ་ཚོས་གཏམ་དཔེ་འདི་སྐྱོར་བ་ངས་ཐོས་མྱོང།པན་ཆེན་བློ་བཟང་ཆོས་རྒྱན་མ་ཕེབས་ན་དགེ་ལུགས་པར་ཟས་མི་རག་ཟེར་བའི་གཏམ་དཔེ་འདི་ཐོས་མྱོང་འདི་ནི་གནས་ལུགས་དང་རྒྱུ་མཚན་ལྡན་པའི་གཏམ་ཞིག་ཡིན་པ་མཐོང་།དགེ་འདུན་པ་ཚོགས་འཚོག་ནས་འཚོ་བའི་འདུ་སྒོ་ཡོང་བའི་ལམ་ལུགས་འདི་སྔོན་གྱི་བཀའ་གདམ་གོང་མ་དག་གི་སྐབས་ན་ནི་ཧ་མི་གོ་རྗེ་ཙོང་ཁ་པ་ཆེན་པོ་རྗེས་ནས་པན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་སྐབས་ཙམ་ནས་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས་སོགས་དར་རྒྱས་སོང་བའི་འགོ་ཚུག་ཡོད་ཚོད་དང་དེ་ནས་དགེ་ལུགས་པར་ཆག་བཞག་ན་འཚོ་བའི་འདུ་སྒོ་ཆེ་ཤོས་ཡང་འདི་ཡིན་ཞིང་གནའ་ནས་ད་བར་སྤྱི་ཚོགས་ནང་ལམ་ལུགས་འདི་བྲིན་ཤོས་བྱུང་སྟེ་ད་ལྟ་བར་དུ་སྐུ་གཟན་དམར་པོ་ཞིག་དང་ཤམ་ཐབས་སྒོར་སྒོར་ཞིག་སྣབ་མཁན་ཡན་ཆད་ནས་འཚོ་བའི་འདུ་སྒོ་འདི་ཡིན།སྔོན་བོད་ཀྱི་ཁོངས་སུ་ཏོག་པའི་ཡུལ་ལུང་འགའ་རེ་ནང་མི་ཚང་ཞིག་ནང་མི་ཞིག་གྲོངས་པའི་ཚེ་ཤི་པོ་དེའི་ཐོབ་སྐལ་གྱི་ཅ་དངོས་ཡོད་དོ་ཅོག་དགོན་པར་དབང་བར་བཤད་མ་དགོས་པར་གལ་ཏེ་ཡར་མ་ཕུལ་ཚེ་དགོན་པ་ནས་མར་ལེན་མཁན་ཡོང་བའི་ཚོད་དུ་ཡོད་འདུག་པ་སོགས་ཡིན།ད་གང་ལྟར་ཆོ་ག་ཕྱག་ལེན་མང་དག་ཞིག་དུས་ཚོད་ལ་ལྟོས་ནས་དགེ་འདུན་པ་འཚོ་བའི་འབུྱུང་ཁུངས་ཀྱི་ཐབས་ལམ་བཟང་པོ་ཞིག་དང་ལས་བྱེད་པ་པོ་ཚོས་ཀྱང་གནད་ལ་སྨིན་པའི་ཐུག་སྨོན་མཚམས་སྦྱོར་བ་སོང་སྤྱི་ཚོགས་ནང་ཕན་ནུས་ཆེན་པོ་བྷྱུང་ཡོད་ཚོདརེད།འདི་ཚོ་མང་པོ་ཞིག་དུས་ཚོད་བསྟུན་ནས་སྤྱི་ཚོགས་ཕན་ཐོག་མིན་སོགས་ཀྱིས་གཅོད་སྒྱིག་བྱེད་ཆོག་ལ་བྱེད་ཀྱང་ངེས་པར་དུ་དགོས་ངེས་ཤིག་ཡིན་པར་མཐོང་།
ད་མ་འོངས་པར་ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ལུགས་འདི་བྱང་ནས་བྱང་དུ་དར་བ་ལུང་བསྟན་པ་ལྟར་དར་ནས་ཕྱི་ཡིས་གནོད་པའི་ཆག་འཇིག་རིམ་པར་བྱུང་རུང་ནང་བསམ་བློ་ནང་ཆག་འཇིག་ཤོར་མེད་སྟབས་མར་མེ་ཆད་ཁ་མ་དེ་སླར་སོས་ཡོང་བ་ལྟར་ད་ལྟ་བར་གནས་ཐུབ་ཡོད་པ་རེད།དཀའ་ཟུར་ཟང་འདོང་རིན་པོ་ཆེས་དེང་གི་གྲ་པ་ཚོ་བསྟན་པ་གནས་ཚད་ཀྱི་དུས་རབས་ལས་ཅུང་སྔོན་ཐོན་ཆག་ཡོད་གསུངས་པ་ལྟར་མ་འོངས་པར་ཡང་ལུང་ལས་བསྟན་པ་གནས་ཚད་ལེའུ་ལས་སྔོན་ཐོན་དུ་མི་ཡོང་བའི་ཆེད་དུ་ད་ལྟ་ནས་ང་ཚོ་ལམ་ལུགས་ཁག་གཅིག་ལ་བཅད་བསྒྲིྲག་དགོས་པར་འདོད་བཞིན་ཡོད།༡༽་་དང་པོ་དེ་དཔལ་འབྱོར་འདུ་འགོད་ལམ་ལུགས་གསར་སྤེལདང།༢༽་ གཉིས་པ་དེ་དགོན་པའི་གཞི་རིམ་གྱི་སློབ་གྲའི་ནུས་པ་ཚད་མཐོ་དང་།༣༽ གསུམ་པ་དེ་ཡང་སྼིད་ངོས་འཛིན་ཚད་བཀག་ཞིག་དགོས་ངེས་མཐོང་དཔལ་འབོྱར་འདུ་འགོད་ལམ་ལུགས་ནི་སྔོན་ནས་ད་ལྟ་བར་དུ་དགོན་པ་སྤྱི་ཡོངས་ལ་དཔལ་འབྱོར་འདུ་འགོད་ཤུགས་ཆེན་པོ་བྱེད་ཀྱིན་པ་རེད་ལ་དེ་ཚོ་སྔོན་གྱི་དུས་སུ་དགོན་པས་གྲོང་སྡེ་ནས་སློང་མོ་རྒྱབ་པ་སོགས་ཅི་རིགས་ལ་བརྟེན་ནས་ཡོད་ལ་དེ་སྐབས་སུ་གུང་ཕྲན་པས་བཤད་པ་ལྟར་དུ་སྤྱི་ཚོགས་ནང་ཁུར་པོ་ཞིག་ཆག་ཡོང་ཀྱི་ཡོད་པ་རེད།དཔེར་ན་ངས་དངོས་སུ་ཐོས་གསལ་ལ་ང་ཚོ་ཡུལ་ན་ཁྱིམ་ཚང་ཞིག་ནང་ས་ཞིང་ནས་འབྲུ་རིགས་ཡོང་འབབ་ཆེ་བའི་གྲས་ཞིག་ནས་ལོ་ལྟར་དགོན་པར་བཞེས་ཐུག་ཐེངས་གཅིག་ཕུལ་ཆེད་དུ་འབྲུ་མང་པོ་ཞིག་ལོགས་བཅད་བྱེད་ཀྱིན་པ་དང་དེ་ཡང་ཁོང་ཚོའི་དགེ་རྩ་རུ་བསམ་ནས་ཕལ་ཆེར་ལོ་དུས་ཀྱི་མཆོད་པ་བཞིན་དངས་བླང་ཡིན་ཚོད་འདུག།འབྲུ་དེ་ལོགས་བཀར་བྱས་ནས་དགུན་མཇུག་ཏུ་མི་ཚང་དེ་བཟའ་འབྲུ་ཆད་འགྲོ་ནས་རྟག་པར་མི་ཚང་གཞན་སར་ནས་གཡར་དགོས་ཀྱིན་ཡོད་པ་རེད།དེ་བཞིན་སྐལ་པ་བཟང་པོའི་ཇ་ཆང་དེ།དུས་ཚོད་ངན་པར་ཕྲལ་དུ་འགྱུར་ཟེར་བ་བཞིན།སྐལ་བཟང་དུས་བཟང་དུ་བསམ་ནས་དགེ་རྩ་མཆོད་འབུལ་ཆེད་དུ་འགྱེད་མང་ཇ་འདྲ་ཕུལ་དེ་ནས་མི་ཚང་དེ་དང་དེར་ཕྲལ་དུ་འགྱུར་ནས་སྤྱི་ཚོགས་ནང་དཀའ་ངལ་མི་ཉུང་བར་བོད་ཐོག་ས་ཁུལ་དུ་བཤད་ཡ་ཡོད་པ་དེ་ཚོ་ནི་ཚོགས་འཚོག་ནས་མི་ཚོགས་སྟོང་ཕྲག་ཁ་ཤས་ལས་གྲུབ་པའི་ཚོགས་པ་སྡེ་ཚན་ཞིག་མི་མང་ལ་ཁ་བཟེད་ནས་སྡད་པའི་ལམ་ལུགས་ཀྱིས་སྤྱི་ཚོགས་ལ་ཕོག་པའི་སྟོར་བཅོམ་ཞིག་རེད།ད་དུང་འདི་འདྲ་བ་མང་པོ་བཤད་ན་མང་པོ་ཡོད་རུང་དེ་ཙམ་གྱིས་དཔལ་འབྱོར་འདུ་འགོད་གནད་དོན་དང་པོའི་ཁ་ཕྱོགས་སུ་བརྒྱུད་དགོས་པའི་གནད་གསལ་པོར་མཚོན་པོར་ཆེད་ཙམ་ཡིན།ད་མ་འོངས་པར་ཡང་ལམ་ཁ་དེར་རང་འཇག་རྒྱུད་ན་སྤྱི་ཚོགས་ཞིག་ལ་མ་བསྐུལ་རང་བཞིན་གྱིས་ཁུར་པོ་ཞི་ཆགས་ཡོང་བ་ནི་ཟུར་བལྟས་ལེབ་འཐོང་རེད།ད་ལྟ་བཙན་བྱོལ་བ་ཆག་ནས་འཚོ་བ་དེ་ཕྱི་ཡི་སྤྱི་ཚོགས་ལ་བསྟེན་ནས་ཡོད་པ་འདི་ཚོ་གཙོ་བོ་ཆོ་ག་ཆོས་ལུགས་ཀྱི་ཕྱག་བཞེས་ཟེར་བ་དེ་ཚོ་འཁྲབ་སྟོན་འདྲ་བྱས་ནས་ད་བར་དུ་དུས་ཚོད་ཆོད་པ་རེད།ཡིན་ན་ཡང་དེ་དག་ཁྱབ་སྤེལ་བྱེད་པ་དེ་ནང་ཆོས་དང་མཐུན་པའི་ཚད་ལྡན་རང་བཞིན་ཅན་གྱི་ཐོག་ནས་ཁྱབ་སྤེལ་ཐུབ་ཡོད་མེད་ནི་བྱེད་༷པོ་རང་ཉིད་ཀྱིས་མ་ཏོག་སུས་ཧ་གོ།དེ་ཚོ་ཡང་མ་འོང་པར་ཚད་ལྡ་རང་བཞིན་ཅན་གྱི་ཐོག་ནས་ཁྱབ་སྤེལ་དགོས་པ་ནི་མ་བཀལ་ཕྲག་ཏུ་བབས་པའི་ལས་འགན་ཞིག་རེད།ཆོ་ག་ཆོས་ལུགས་ཀྱི་ཐོག་ནས་ཕྱི་ཕྱོགས་སུ་ཕན་ཐོག་དང་ཁྱབ་སྤེལ་དེ་དང་ལྷན་དུ་འཚོ་བའི་འདུ་འགོད་སོགས་བྱ་བའི་ལམ་ལུགས་འདི་རྒྱུན་འཐུད་དགོས་ཚེ་ངེས་པར་དུ་དགེ་ལུགས་པར་ཆ་བཞག་ན་རྒྱུད་གྲ་སྟོད་མེད་སོགས་དང་ཆོས་ལུགས་གཞན་ཚོ་ནས་ཀྱང་ཆོ་ག་ཕྱག་ལེན་གྱི་ལུགས་ཁུངས་ཐུག་སའི་ཚད་མཐོའི་ཆོ་ག་ཆོས་ལུགས་ཀྱི་ཕྱག་བཞེས་ལྟར་ལག་འཁྱེར་ཐོབ་རིམ་ནས་རྒྱུད་དགོས་པའི་ལམ་ལུགས་ཞིག་ཡོད་ཚེ་མ་འོངས་པར་བོད་རྒྱུད་ཆོས་ལུགས་ལ་རྙོག་པའི་སྐྱོན་དང་སྒྲིབ་བྱེད་ཀྱི་དྲི་མ་སོགས་ཀྱི་སྐྱོན་ཉུང་བའི་མཐུན་རྐྱེན་དུ་འགྱུར་ངེས་པ་རེད།ད་དེ་དང་ཕྱོགས་མཚུང་གཞུང་ལྔའི་རིགས་པའི་གནས་ལ་བརྩོན་བཞིན་པ་དག་གིས་ཀྱང་འགན་ཞིག་ཡོད་པ་ནི་བོད་རྒྱུད་ནང་ཆོས་ཀྱི་རིམ་པ་རྣམས་ཆུ་བོ་བཞིན་ཕྱོགས་སུ་གྱེས་བཞིན་པ་ཡིན་དུས་སྐབས་འདིར་ཚན་རིག་དང་ཟུང་དུ་འབྲེལ་བའི་སློབ་གྲ་ཁག་ཆུང་ས་ནས་ཆེ་ས་བར།མེད་པ་ནས་ཡོད་པའི་བར་འགོ་འཛུག་པ་ནས་དར་རྒྱས་ཀྱི་ལམ་བུ་རྒྱུད་དགོ་པ་ནི་རང་ཉིད་ཀྱིས་ལོ་མང་སྦྱང་པའི་གྲུབ་འབྲས་དེས་ཁྱབ་སྤེལ་ཕྱོགས་ལ་ཞབས་འདེགས་ཡིན་ཆོག་གིན་རེད་ལ་འགན་འཁྲི་ཞིག་ཀྱང་ཡིན་པར་འདོད།འདིར་དཔེར་མཚོན་ཕྲན་བུ་ཞུ་ན་ང་ཚོའི་མཐོ་སྒང་བོད་ཀྱི་ས་ཐོག་འདིར་རྒྱ་གར་གྱི་པན་གྲུབ་རྣམས་ཀྱིས་ཆོས་ལུགས་དར་སྤེལ་གྱི་ཕྱོག་ལ་བྱས་རྗེ་ཆེན་པོ་བཞག་གནང་ཡོད་པ་ལྟ་བུ་རེད།དེ་དང་མཉམ་དུ་དེང་རབས་ཀྱི་ལམ་ལུགས་རྒུད་སློབ་གྲ་ཞིག་གི་ཐོབ་སྐལ་དང་ཡོང་འབབས་དེ་ཡང་དགོས་ངེས་རེད།དེ་ནི་རང་སོ་སོའི་དགོན་པའི་འཚོ་བའི་གཏན་གཞི་མ་ལག་ཞིག་ཏུ་འགྱུར་ཆོག་གིན་རེད།མ་ཟད་དགོན་པ་གྲ་ཚང་ནས་གྲོང་ཁྱེར་ཆེ་ཁག་དེ་འདྲ་ནང་མགྲོན་ཁང་དེ་བཞིན་ཟ་ཁང་བཟོ་གྲ་མི་ཚོགས་སྟོང་ཕྲག་ལས་གྲུབ་པའི་ཚོགས་པ་ཞིག་གི་ངོ་བོའི་ཐོག་ནས་དེང་རབ་དང་མཐུན་པའི་འཚོ་བའི་གཏན་གཞི་ཧྲག་ཐག་ཐག་འཛུག་ཐུབ་དགོས་པ་ནི་རང་མགོ་རང་ཐོན་དང་གཞན་བསྟེན་བྲལ་བའི་ལམ་ལུགས་ཐོག་སྐྱོད་པ་རེད།དེ་ནི་གཞི་རིམ་སློབ་གྲ་ཚད་ལྡན་འཛུག་ཐུབ་མིན་སོགས་དང་འབྲེལ་བ་ཆེན་པོ་ཡོད་པར་འདོད་ཀྱིན་ཡོད།དེ་ཚོ་ནི་གཙོ་བོད་དུ་ལྷན་འཛོམ་བྱུང་མཚམས་དང་ད་ལྟའི་བོད་ནང་གི་དགོན་པ་དེ་ཚོ་འདི་འདྲ་ཚུགས་དགོས་ཀྱི་རེད་དྲན་དཔེར་ན་རྒྱ་ནག་དང་ཧོང་ཀོང་སོགས་སུ་དེ་ལྟར་ནུས་པ་འདོན་་ཐུབ་ངེས་རེད།
དོན་ཚན་གཉིས་པ་དགོན་པ་གྲ་ཚང་ནང་གཞི་རིམ་གྱི་སློབ་གྲ་གཏན་པོ་འཛུག་དགོས་པའི་རྒུ་མཚན་ག་པར་ཐུག་ཞེ་ན།སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ནི་དགེ་འདུན་ལ་རགས་ལས་དགེ་འདུན་ཡང་མི་མང་ནས་ཡོང་དགོས་སྟབས།དུས་རབས་དང་མཐུན་པའི་ལམ་ལུགས་དེར་བསྟེན་དགོས་པ་ནི་བཤད་མ་དགོས་པ་རེད།དགོས་སུ་གྲོང་གསེབ་ནས་དགོན་པར་གྲ་པར་འཇུག་པ་ལ་དོན་ཚན་ཁ་ཤས་ཞིག་འདུག་པར་སྙམ་བོད་ནང་ལྟ་བུ་ཆ་བཞག་ན་སྔོན་གྱི་གྲ་པ་མང་ཆེ་བས་ཕ་མས་བཀོད་འདོམ་ནས་སྒྱིག་ཞུག་བྱས་པ་ཀྱང་ཡིན་པས་ཆོས་ལུགས་ལ་དད་ཞེན་ལྡན་པས་ཕ་མས་རྒྱ་རྩ་ལ་རགས་ལས་སྟབས་ང་ཚོ་ལྟ་བུ་ནི་ཕལ་ཆེར་དེ་ལྟར་རང་གི་ཐོག་ནས་ཡོང་པ་འདྲ་པོ་རེད།རྒྱུ་མཚན་གཞན་ཞིག་ཡོད་པ་ནི་སྤྱི་ཚོགས་ནང་གཞུང་ལུགས་རིགས་པས་སྦྱང་བརྩོན་དང་ཆོ་ག་ཕྱག་ལེན་གྱི་རིམ་པ་སོགས་ལས་བརྒལ་བའི་སྦྱང་བརྩོན་བྱ་དགོས་པའི་སེམས་པ་འཆོལ་ས་གནས་གཞན་དར་མེད་ཙམ་རེད།བཙན་བྱོལ་བ་ཆག་ནས་ཆོས་རྒྱུད་ཁག་དང་གདན་ས་སོགས་ཐོག་མར་བོད་ནས་ཕེབས་པ་རྣམས་ཀྱིས་རྐང་ཟིན་དེ་ནས་བཙན་བྱོལ་ནང་འཚར་ལོང་བྱུང་བའི་བུ་ཕྲུག་ཚོར་ཕ་མས་རྒྱབ་སྐྱོར་འོག་ནས་སྒྱིག་ཞུག་གིས་རྒྱུན་མཐུད་དེ་ནས་བོད་ནས་མང་པོ་ཞིག་ཡོང་ནས་དར་རྒྱས་ཀྱི་འགོ་ཚུག་ད་བར་ཚག་ཚུད་པོ་བྱུང་བ་སོགས་དང།དེང་སང་བོད་ཕྱི་ནང་གཉིས་ཀར་གྲ་རྒྱུན་དཀོན་འགྲོ་བའི་གནས་སྟངས་ནི་གཅིག་ནི་སྐྱོ་པོའི་གནས་སྟང་ལས་ཕྲན་བུ་གྲོལ་བ་སོགས་ཕྱི་ནང་གི་དཀའ་ངལ་སྣ་ཚོས་ཡོད་མོད་།བཙན་བྱོལ་ནང་ཆག་བཞག་ན་དེ་ལ་བར་སྐབས་སུ་སྒྲིག་ཞུག་བྱས་པའི་བུ་ཕྲུག་ཚོ་ཕ་མས་རེ་བ་ཆེན་པོ་བྱས་ནས་གྲ་པ་བཟོས་རུང་སྡད་ས་ན་ཁུངས་མ་འཁྱོལ་ནང་དུ་ཡོང་ནང་དུ་ཡང་ནང་ལས་མི་འགྱོན།ཕྱིར་དཔལ་འབྱོར་སྒྲུབ་དགོས་ན་རིག་གནས་ཤེས་ཚད་ཀྱིས་འགོྱན་ཐང་དེ་མེད་པ་སོགས་གནས་ཚུལ་མང་པོ་བྷྱུང་ཡོད་སྟབས་རང་གི་བུ་རབས་ཚ་རྒྱུད་དགོན་པའི་སྤྱི་ཚོགས་ནང་བཏང་མ་སྤོབས་པའི་གནས་སྟངས་བྱུང་བ་རེད་སྙམ།ད་འདི་དག་གིས་སྤྱི་ཚོགས་ནང་བག་ཆག་གང་འདྲ་ཞིག་དང་འདི་བཞིན་མ་འོང་པར་བོད་ཕྱི་ནང་འཛོམ་སྐབས་སུ་ཡང་ལམ་འདི་ལ་བཅད་མཐུད་ཞིག་མ་བྱས་པར་འདི་བཞིན་ཕྱིན་ཚེ་བོད་ནང་དུ་ཡང་དགོན་པར་གསར་བཞུག་མེད་པའི་གནས་སྟང་ཞིག་ཡོང་ངེས་རེད་དྲན།དགོན་པའི་བཞི་རིམ་གྱི་སློབ་གྲ་ཚད་ལྡན་དང་དེ་བཞིན་དགོན་པ་ནས་སློབ་ཐོན་བྱས་ཚེ་ཕྱོགས་གང་དུ་རྐང་པ་འཛུག་ནས་ལང་ཐུབ་པའི་སྤྱི་འགྲོ་ལྟར་གྱི་སློབ་སྦྱོང་ཞིག་ཐོབ་ཐུབ་པ་ཡོད་ཚེ་དེ་ནང་རང་བཞིན་གྱིས་སློབ་འཇུག་ཡོང་ངེས་རེད་ལ་གྲ་པ་བྱས་པའི་མཚམ་ཀྱང་ལོ་བཅོ་རྒྱད་ཙམ་ནས་བསམ་ཤེས་གནད་དུ་ཐོན་པའི་ཚད་ལོང་བ་ཞིག་ཆག་ངེས་རེད་སྤྱིར་ན་གྲ་གྲངས་ཉུང་དུ་འགྱོ་ཡི་རེད་དེ་གང་ཡོད་པ་དེ་སྤུས་གཙང་དང་གྲངས་མང་བ་གཉིས་ལས་སྤུས་ཀ་ཡག་དགོས་པའི་བཀའ་སློབ་དེ་དོན་དུ་འཁྱོལ་ངེས་རེད་སྙམ།
དོན་ཚན་གསུམ་པ་སྤྲུ་སྐུ་ལམ་ལུགས་འདི་ནི་མ་འོངས་པར་སྤྱི་ཚོགས་འདི་ཡི་རྒྱན་དང་ཁུར་ཅི་ཡོང་ད་ལྟ་ནས་བསམ་གཞིགས་བྱས་ནས་གཅོད་སྒྲིག་ཅི་དགོས་རུང་༧་གོང་ས་བཅུ་བཞི་པ་ཆེན་པོའི་སྐབས་འདིར་མ་སྔ་མ་འཕྱི་དུས་ཤིག་རེད་སྙམ།མ་འོངས་པར་བོད་པ་ཚོར་ལམ་སྟོན་མཁན་ཁོང་ལྟ་བུ་ཞིག་ཕེབས་ཐུབ་མིན་ནི་རྒྱ་ཚོགས་མང་པོ་ལ་ལྟོས་དགོས་སྟབས་དེའི་ཚེ་བཟང་ངན་ཅི་བྱུང་ན་ཐག་བཅད་ནས་ཆོད་ཁག་པོ་ཡོང་ཉེན་ཡོད་རེད་དྲན།ད་ལྟ་དང་མ་འོངས་པར་བཤད་དུས་སྔོན་གྱི་གནས་སྟངས་འཁྱེར་མ་ཡོང་ན་བཟང་བས་སྤྲུལ་སྐུ་ལམ་ལུགས་འོག་ནས་སྔོན་དུས་སུ་ཆོས་དང་ཆབ་དཔལ་རིགས་སོགས་འཛིན་སྐྱོང་རླབ་པོ་ཆེ་བྱུང་ཡོད་པ་ནི་སྔོན་གྱི་དུས་ཡིན་དུས་མ་འོངས་པ་དང་ད་ལྟའི་གནད་དོན་དང་སྦྲེལ་མི་རུང།མ་འོངས་པར་ལམ་ཁ་འདི་ནི་ཇི་འདྲ་ཞིག་ཆག་མིན་ནི་ད་ལྟ་ནས་གཟབ་གཟབ་བྱས་ན་ཤེས་ངེས།འདི་ཡི་ལམ་ལུགས་ཆད་པ་ནས་ལས་བྱ་བ་མང་པོར་མཐུད་ཐུབ་མཁན་ནི་ཆོས་ལུགས་ཁག་ནང་གདུང་སྲས་ཁྲི་འཛིན་གྱི་ལམ་ལུགས།དགའ་ལྡན་ཁྲི་པའི་ལམ་ལུགས།མཁན་པོ་ཁྲི་རབས་ཀྱི་ལམ་ལུགས།རྒན་གཞོན་གོ་རིམ་གྱི་ལམ་ལུགས།སོགས་ནས་ཆད་ས་ནས་རྒྱུན་འཐུད་ུཐུབ་པ་ནི་ཁོ་ཐག་རེད།མདོར་ཧྲིལ་གྱིས་བསྡུས་ནས་བཤདན་སྤྲུལ་སྐུ་ཡང་སྼིད་ངོས་འཛིན་ལམ་ལུགས་ནས་བོད་འབངས་འགྲོ་དོན་བྱེད་པའི་ལམ་ལུགས་རྫོག་རན་འདུག་པས་རྫོག་ཚིག་འགོད་རན་པའི་དུས་ཚིགས་ཤིག་ཤར་འདུག་སྙམ།ལམ་ལུགས་འདི་ཡི་སྐོར་རྗེས་སུ་ཕྲན་བུ་འགོད་རྒྱུ་ཡིན།
༢༠༡༡།༩།༩
